ནད་ཡམས། བདུན་པ།

  ཕྲ་འབུ་མང་པོ་ཞིག་སྐྱེ་ལྡན་མ་ཡིན་པའི་དངོས་པའི་ཁྲོད་ཡོད་དུས་ཤི་བོའམ། བག་ལ་ཉལ་ཡོད་རུང་། དེ་དག་རྩི་ཤིང་དང་། ཤི་གསོན་གང་རུང་གི་སྲོག་ཆགས་སེམས་ཅན་གྱི་ལུས་པོར་ཞུགས་དུས་གསོན་པར་འགྱུར་ནས། རང་གི་རིགས་བརྒྱུད་སྤེལ་བ་སོགས་བྱེད་པ་རེད། ང་ཚོའི་ཟས་རིགས་ཀྱི་ནང་དུ་འཛུལ་དུས་ཀྱང་དེ་མཚུངས་ཡིན་པས། ཟ་མ་བཟོ་དུས་གཙང་སྤྲར་དོ་སྣང་བྱེད་རྒྱུ་གལ་གནད་ཧ་ཅང་ཆེན་པོ་ཡིན། དེ་བས་ཀྱང་། ཤེལ་དམ་དང་། ལྕགས་ཀྲིན། འགྱིག་ཤོག་སོགས་ཀྱི་ནང་དུ་ཡུན་རིང་ཉར་ཚགས་བྱེད་ཐུབ་པའི་རྫས་སྣ་ཚོགས་བསྲེས་ཡོད་པའི་ཟས་རིགས་ལ་འཛེམ་ཟོན་བྱེད་དགོས།

  གཡའ་དུག་ནད་(Botulism) ནི་ནད་འབུ་རིགས་ཤིག་གིས་བསྐྱེད་པའི་དུག་རྫས་ཀྱིས་བཟོས་པའི་ནད་གཞི་ཚན་ཆེན་ཞིག་ཡིན་ཞིང་། ནད་འདི་འགོ་ས་ཕལ་ཆེ་བ་ལ་ལྕགས་ཀྲིན་གྱི་ཁ་ཚུལ་བཞིན་བརྒྱབ་མེད་པའི་ཟས་རིགས་ལས་ཡོང་གི་ཡོད། ནད་འབུ་འདིས་ཐད་ཀར་མིའི་དབང་རྩར་ཕར་རྒོལ་བྱེད་ཅིང་། ཡན་ལག་དང་དབང་པོ་ཞ་བར་བྱེད་ཀྱིན་ཡོད། སྤྱིར་ན་ནད་འབུ་འདིར་རིགས་གསུམ་ཙམ་ཡོད་ཅིང་། རེ་རེས་ནད་གཞི་བསྐྱེད་ཚུལ་ལ་ཡང་མི་འདྲ་བའི་ཆ་ཅུང་ཙམ་རེ་ཡོད། ཡིན་ན་ཡང་། ཐམས་ཅད་ཀྱི་འབྱུང་ཁུངས་ཕལ་ཆེ་བ་ནི་ལས་སྣོན་སྣ་ཚོགས་བྱས་པའི་ལྕགས་ཀྲིན་ནང་གི་སྙིགས་ཟས་ལས་འབྱུང་གི་ཡོད།

  སྤྱི་ལོ་1977 ལོར་གཡའ་དུག་ནད་གཞི་ཕོག་པའི་དོན་རྐྱེན་59 ཙམ་ཨ་རིའི་ནང་གི་མེཀི་སི་ཁོའི་(Mexico)ཟ་ཁང་ཞིག་དང་འབྲེལ་བ་ཆགས་ཡོད་པ་ཤེས་རྟོགས་བྱུང་ཞིང་། ཨ་རིའི་ནད་ཡམས་རིག་པའི་དུས་དེབ་སྟེང་(American Journal of Epidemiology 1978) སྤྱི་ལོ་1978་ལོར་སྤེལ་བའི་ཞིབ་འཇུག་གྲུབ་དོན་ལྟར་ན་ཟ་ཁང་དེས་ལས་སྣོན་དང་། ལྕགས་ཀྲིན་ཚུལ་བཞིན་དུ་ཁ་སྦྱོར་མེད་པའི་ཧཱ་ལཱ་ཕི་ནོ་བསིལ་ཕན་(Jalapeño pepper) བེད་སྤྱོད་བྱས་ཡོད།

  སྐབས་དེར་མི་གྲངས་ཉུང་ངུ་ལས་མེད་པས་ནད་གཞི་འདི་ལམ་སེང་སྟངས་འཛིན་བྱས་ཐུབ་པ་བྱུང་ཡོད་པ་མ་ཟད། ཕྱིས་སུ་ནད་ཡམས་འདི་བསྐྱེད་པའི་འབྱུང་ཁུངས་དངོས་ཧ་གོ་བས། ཕྱིས་ཀྱི་ལོ་ངོ་སུམ་ཅུ་ཙམ་ལ་གཡའ་དུག་ནད་འབུ་ཕོག་པའི་ནད་པ་ཧ་ལམ་བྱུང་མེད། ཡིན་ན་ཡང་། སྤྱི་ལོ་2007 ལོར་སླར་ཡང་ཨ་རིའི་བཟའ་བཏུང་ཁེ་ལས་ཀུང་སི་ཁ་ཤས་ཀྱིས་ཐོན་བསྐྱེད་བྱས་པའི་ལྕགས་ཀྲིན་ནང་གི་ཟས་རིགས་བཟས་པ་ལ་བརྟེན་ནས། གཡའ་དུག་ནད་འབུ་ཕོག་པའི་གནད་དོན་བརྒྱད་བྱུང་ཡོད། (CDC2007)

  བོད་ནི་ས་བབ་མཐོ་ཞིང་། སྔོན་ཆད་ཡིན་ན་ཆུ་གཙང་ཞིང་རླུང་དྭངས་པས། ཡུལ་གྲུ་གཞན་དང་བསྡུར་ན་ནད་འབུ་མང་པོ་ཞིག་མེད། ཡིན་ན་ཡང་། ད་ཆ་འཛམ་གླིང་སྤྱིའི་གནམ་གཤིས་ལ་འགྱུར་ལྡོག་བྱུང་ཡོད་ལ། བོད་ཀྱི་ས་གནས་སོ་སོར་འཕྲུལ་འཁོར་གྱི་རིགས་ཇེ་མང་དུ་སོང་ཡོད་པ་དང་། ཕར་འགྲོ་ཚུལ་འོང་གི་འགྲུལ་ལམ་དང་། ཚོང་ལམ་ཁོད་ཡངས་པོར་གྱུར་ཡོད་རྐྱེན། རྒྱལ་ཁམས་རིམ་པའི་གཏན་འཁེལ་གྱི་ཚད་གཞི་དང་མཐུན་དང་མི་མཐུན་པའི་སྙིགས་ཟས་རིགས་སྣ་ཚོགས་པ་ཞིག་ཀྱང་ཡོང་བཞིན་ཡོད་པས། རབ་བྱུང་ན་ལས་སྣོན་བྱས་པའི་སྙིགས་ཟས་རིགས་མ་བཟའ་ན་ལེགས། ཅི་སྟེ་གནས་དུས་ཀྱི་དབང་གིས་བཟའ་དགོས་འཁེལ་ན་ཡང་། རྒྱལ་ཁབ་ཀྱི་ཚད་གཞི་དང་མཐུན་པའི་ཟས་རིགས་ཉོ་བ་དང་། ཉོ་དུས་ཀྱང་ཟླ་ཚེས་ལ་བལྟ་ཞིབ་ནན་མོ་བྱེད་རྒྱུ་གལ་ཆེ།