ཡོན་ཆབ་འབུལ་ཚུལ།

རྩོམ་པ་པོ།   དགེ་བཤེས་དཔལ་ལྡན་གྲགས་པ། དུས་ཚོད།   2017-11-13   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

        དྲི་བ། ཡོན་ཆབ་འབུལ་ས་ཏིང་ག་ཚོད་དགོས་ལགས།

         ལན། གྲངས་ཚད་ངེས་པ་མེད། ཇི་ཙམ་མང་ན་ལེགས།

        དྲི་བ། ཡོན་ཆབ་ཏིང་རེའི་བར་ཉེ་རྒྱང་ཅི་ཙམ་བཞག་དགོས་ལགས།

         ལན། ཡོན་ཆབ་འབུལ་སྟེགས་དང་ཏིང་རྣམས་གཙང་ཕྱི་ལེགས་པར་བྱས་ལ། འབུལ་ཡུལ་གྱི་གཡས་ཕྱོགས་ནས་མགོ་བརྩམས་ཏེ་འཕྲེད་ལ་ཐད་ཀར་དྲང་པོར་བསྒྲིག་དགོས། བར་ཐག་ཉེ་རྒྱང་གི་ཚད་དང་། ནང་དུ་ཆུས་བསྐང་ཚད་བཅས་ལ་ནས་འབྲུ་གཅིག་གི་ཚད་ཙམ་སྟོང་ཆ་བཞག་དགོས་པར་གསུངས།

        དྲི་བ། ཡོན་ཆབ་འབུལ་དུས་ཅི་འདོན་དགོས་ལགས།

         ལན། ཡོན་ཆབ་སོགས་མཆོད་པ་གང་འབུལ་ཡང་། ༀ་ཨཱ་ཧཱུྂ། ཞེས་པ་ལན་གང་མང་བཏོན་ཏེ་ཆབ་གཙང་གིས་བྲན་ནས་བྱིན་གྱིས་བརླབས་པ་སོགས་ལ་མི་མ་ཡིན་གྱིས་མི་འཕྲོག་པ་སོགས་ཀྱི་དགོས་པ་ཡོད་པར་གསུངས་པ་དང་། བྱུང་ན་མཆོད་པ་འཕེལ་འགྱུར་གྱི་གཟུངས། ན་མོ་རཏྣ་ཏྲ་ཡཱ་ཡ། ༀ་ན་མོ་བྷ་ག་ཝ་ཏེ། བ་ཛྲ་སཱ་ར་པྲ་མ་ངྷ་ནི། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྨྱ་སྐ་བུངྔྷ་ཡ། ཏངྱ་ཐཱ། ༀ་བཛྲེ་བཛྲེ། མཧཱ་བཛྲེ། མཧཱ་ཏེ་ཛ་བཛྲེ། མ་ཧཱ་བིངྱ་བཛྲེ། མཧཱ་བོ་ངྷི་ཙིཏྟ་བཛྲེ། མཧཱ་བོ་ངྷི་མ་ཎྔོ་པ་ྶ་ཀྲ་མ་ཎ་བཛྲེ། ས་རྦ་ཀརྨ་ཨཝ་ར་ཎཱ་བི་ཤོ་ངྷ་ན་བཛྲེ་སྭཧཱ། ཞེས་པ་འདི་དང་། མཆོད་པ་འབུལ་བའི་ཚིགས་བཅད་བྱིན་ཅན་ཡོད་པ་དེ་རྣམས་སྐབས་བསྟུན་འདོན་དགོས་པར་གསུངས།

        དྲི་བ། ཡོན་ཆབ་འབུལ་དུས་དམིགས་བསལ་ཅི་འདྲ་བསམ་དགོས་ལགས།

ལན། གོང་གསལ་ཡིག་འབྲུ་གསུམ་ལན་འགའ་བརྗོད་དེ། རྒྱལ་བ་སྲས་བཅས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་རྣམས་ༀ་ཨ་ཧཱུྂ་གི་རྣམ་པ་དཔག་མེད་བབས་ཏེ་མཆོད་པ་རྣམས་ལ་ཐིམས་ཤིང་། ཧཱུྂ་གིས་མི་གཙང་བ་དང་མི་སྡུག་པའི་རིགས་སྦྱངས་པ་དང་། ཨས་གཙང་ཞིང་ཡིད་དུ་འོང་བའི་བདུད་རྩིར་བསྒྱུར། ༀ་གྱིས་རྣམ་གྲངས་མང་ལ་རྒྱ་ཆེར་སྤེལ་བར་བྱས་སོ་སྙམ་པ་དང་། གཞན་ཡང་དཔེར་ན། ཁ་ཟས་ཞག་རྩི་ཅན་དེ་ཉིད་ཁམས་དང་ནད་ཀྱི་དབང་གིས་མི་ལ་ལར་ཡིད་དུ་མི་འོང་བ་དང་། ལ་ལར་ཡིད་དུ་འོང་བ་ལྟར། ཡོན་ཆབ་འདི་ཡང་ལས་སམ་བསོད་ནམས་ཀྱི་དབང་གིས་རང་ཅག་ཐ་མལ་པ་རྣམས་ཀྱི་ངོར་ཆུ་གཙང་ཙམ་ལས་མེད་ཀྱང་། རྒྱལ་བ་སྲས་བཅས་ཀྱི་སྤྱན་སྔར་བདུད་རྩི་རང་ཡིན་ངེས་སྙམ་པ་སོགས་མོས་ཤིང་བསམ་དགོས་པར་གསུངས།

         དྲི་བ། ཡོན་ཆབ་ཕུལ་ན་ཕན་ཡོན་གང་ཡོད་ལགས།

          ལན། དམིགས་བསལ་ནི་སེར་སྣའི་དྲི་མས་མ་གོས་པར་སྦྱིན་པའི་ཚོགས་བསགས་པ་ལ་རླབས་ཆེ་བ་དང་། ཤེས་རྒྱུད་བྱམས་སྙིང་རྗེ་བྱང་ཆུབ་སེམས་ཀྱིས་བརླན་པར་འགྱུར་ཞིང་།ཉོན་མོངས་པས་རྙོགས་པ་དང་ཇེ་བྲལ་ཇེ་དག་ཇེ་གསལ་དུ་འགྱུར་བ་སོགས་ཀྱི་རྟེན་འབྲེལ་ཕན་ཡོན་ཡོད་ཚུལ་གསུངས།

         དྲི་བ། ཡོན་ཆབ་ལ་ཏིང་བདུན་བྱས་འདུག་པ་དེ་གང་ལགས།

          ལན། དེ་ནི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས་བཅས་མཆོད་པ་བདུན་ཚན་ཞིག་འབུལ་སྲོལ་ཡོད་པ་དེ་དག་འབུལ་བཤམ་བྱ་བའི་གཞི་དང་བསྟུན་ཏེ་བྱས་པར་སེམས་སོ།།།།

རྩོམ་སྒྲིག་པ། ཚེ་པེ། གཡུ་འཛོམས།