བོད་དུ་བོད་མིས་བཟོས་པའི་དངོས་བརྗོད་གློག་བརྙན་དེ་ཨང་ཡིག་ཅན་གྱི་དུས་སྐབས།

         ཐོན་ལ་ཉེ་བའི་ཨན་རྗེ་ལ་རྫི་ཐོ་(Angela Zito)དང་ཀྲང་ཀྲན་ (Zhang zhen)གཉིས་ཀྱིས་རྩོམ་སྒྲིག་བྱས་པའི་DVཡིས་བཟོས་པའི་རྒྱ་ནག་དེ་ཨང་ཡིག་ཅན་གྱི་དམིགས་ཡུལ་དང་ཉིན་རེའི་གླེང་གཞི་ཞེས་པའི་ནང་གསེས་རྩོམ་ཡིག"ནང་ཁྱིམ་བརྙན་པར་ (video)དང་། མཐོ་རིམ་གློག་བརྙན། པདྨ་ཚེ་བརྟན་གྱི་བརྩམས་ཆོས"ཞེས་པ་ནས་ཟུར་འདོན་བྱས།

         འདི་ནི་སྤྱི་ལོ་༢༠༠༠གི་ལོ་རབས་དཀྱིལ་དུ་རྒྱ་ནག་གི་བོད་རིགས་ས་ཁུལ་དུ་ཨང་ཡིག་ཅན་གྱི་ཚན་རྩལ་སླེབས་རྗེས་རྒྱ་ནག་ཏུ་ཡོད་པའི་བོད་མི་ཚོར་དར་ཁྱབ་ཆེ་བའི་ཨང་ཡིག་ཅན་གྱི་ཐོན་དངོས་རིགས་ལྔའི་སྐོར་ལ་གཙོ་ཆེར་བྱས་ཏེ་བྲིས་པའི་ལེའུ་ལས་ཁོལ་དུ་ཕྱུང་བ་ཞིག་ཡིན་ལ། དུས་སྐབས་དེར་ཁྱིམ་ཚང་ནང་མི་དང་ཆོས་ལུགས་བྱེད་སྒོ་པར་བརྒྱབ་པའི་ནང་ཁྱིམ་བརྙན་པར་དང་། རྒྱ་ཆེའི་མང་ཚོགས་ལ་ཕན་པའི་སྤྱི་དམངས་བརྙན་པར། ཕྱི་རྒྱལ་གྱི་རྒྱབ་སྐྱོར་ཐོབ་ཆེད་པར་བརྒྱབ་པའི་གཞུང་འབྲེལ་དང་ལྟ་བ་ཕྱོགས་འགལ་པའི་ཕྱིར་འདྲེན་བརྙན་པར། རང་དབང་ཅན་གྱི་དངོས་བརྗོད་གློག་བརྙན། བཅོས་སྒྲུང་གློག་བརྙན་བཅས་བཟོ་སྲོལ་དར་ཡོད། རྩོམ་ཡིག་འདིས་བོད་ཀྱི་གློག་བརྙན་བཟོ་མཁན་གྲགས་ཅན་ལྕེ་ནག་ཚང་རྡོ་རྗེ་ཚེ་རིང་དང་པདྨ་ཚེ་བརྟན་གཉིས་ཀྱིས་ཨང་ཡིག་ཅན་གྱི་གློག་བརྙན་བེད་སྤྱོད་ཀྱིས་མི་རིགས་ཀྱི་ངོ་བོ་དང་རིག་གཞུང་ལ་རྒྱུན་ལྡན་གྱི་ཕྱོགས་གཉིས་ཅན་མ་ཡིན་པའི་ལམ་ཞིག་བརྒྱུད་དེ་དྲི་བ་ཇི་ལྟར་འདྲི་བའི་སྐོར་བཤད་ཀྱི་ཡོད།

ཨང་ཡིག་ཅན་གྱི་དངོས་བརྗོད་གློག་བརྙན།

         བོད་མི་ཚོས་རང་རྟོགས་ཅན་གྱི་སྒྱུ་རྩལ་བརྩམས་ཆོས་དང་རིག་པ་འཚོལ་བསྙེགས་བྱས་པ་ལས་བྱུང་ཞིང་ཚད་མཐོའི་ནུས་རྩལ་གྱིས་བཟོས་པའི་གཞུང་འབྲེལ་མིན་པའི་དངོས་བརྗོད་གློག་བརྙན་རྣམས་ཡོང་ལ་ཉེ་བའི་ཨང་ཡིག་ཅན་གྱི་འཕྲུལ་རྩལ་ལ་བརྟེན་ནས་གལ་ཆེའི་འཕེལ་རྒྱས་བཏང་ཡོད། འདི་ལྟ་བུའི་དངོས་བརྗོད་གློག་བརྙན་གྱི་རིགས་གཙོ་ཆེར་སློབ་མ་ཟུར་པ་དང་ཤེས་ཡོན་པ་ཚོར་འབྲེལ་བ་ཡོད་ལ་གློག་བརྙན་བེད་སྤྱོད་ཀྱིས་"དོན་དངོས་བརྗོད་པ་"འམ་ཡང་ན་བདེན་དཔང་བྱེད་པར་འགངས་ཆེའི་འདམ་ཁ་གཉིས་པ་ཞིག་སྤྲད་ཡོད་པ་དང་། 57876h.jpgདེ་དག་མང་ཆེ་བ་བོད་བྱང་ཤར་ས་ཁུལ་དེ་ཨ་མདོར་གྲགས་པའི་མཚོ་སྔོན་སྲིད་འཛིན་ཁོངས་གཏོགས་ནས་ཐོན་ཡོད། བཅོས་སྒྲུང་མིན་པའི་གློག་བརྙན་བཟོ་མཁན་ཁག་ཅིག་ནི་ཟི་ལིང་དུ་ཡོད་པའི་མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་དབྱིན་ཇི་སྐད་ཡིག་འཛིན་གྲྭ་ཡི་མཐར་ཕྱིན་སློབ་མ་ཡིན་ལ། དེའི་གྲས་ཀྱི་གཅིག་ནི་འཕགས་པ་དོན་འགྲུབ་ཡིན་པ་དང་ཁོང་གིས་རང་ཉིད་ཀྱི་དངོས་བརྗོད་གློག་བརྙན་བཟོ་འདོན་བྱ་རྒྱུར་སེམས་ཐག་བཅད་ཡོད། འཕགས་པས་རྗེས་སུ་དབྱིན་ཇི་རྒྱལ་ཁབ་ཏུ་གློག་བརྙན་སྐོར་ལ་སློབ་སྦྱོང་བྱས་ཏེ་མིའི་རིགས་རྒྱུད་རིག་པ་ (ethnographic)དང་འབྲེལ་བའི་བོད་མིའི་འཚོ་བའི་སྐོར་གྱི་གློག་བརྙན་མང་པོ་ཞིག་བཟོས་ཡོད་པར། "བོད་ཀྱི་གྲོང་སྡེའི་གཉེན་སྟོན་"(སྐར་མ༣༥། ༢༠༠༥ )དང་། "ཤེས་རབ་ཀྱི་ཕ་རོལ" (སྐར་མ༢༧། ༢༠༠༦) "བོད་ཀྱི་བུད་མེད་ཅིག་གི་མི་ཚེ་" (སྐར་མ༥༣། ༢༠༠༦)བཅས་ཀྱིས་གྲོང་སྡེའམ་ཡང་ན་དགོན་པའི་རྒྱུན་ལྡན་གནས་སྟངས་གཙོ་འདོན་བྱས་ཡོད། དེ་དག་ཚང་མ་ལུ་ལུ་དྲ་ཚིགས་Lulu.comངོས་སུ་འགྲེམས་སྤེལ་བྱས་པ་དང་ཨང་ཡིག་ཅན་གྱི་དངོས་བརྗོད་གློག་བརྙན་གཞན་མང་པོ་དང་མཚུངས་པར་རྒྱ་ནག་ནང་ཁུལ་དུ་གཞུང་འབྲེལ་ངོས་ལེན་མེད་པས་རྒྱ་ནག་ཏུ་མ་བསྟན་པར་ཕྱི་རྒྱལ་དུ་གཟིགས་འབུལ་བྱས་ཡོད།
         དབྱིན་སྐད་བཤད་མཁན་བོད་མི་ན་གཞོན་ཤེས་ཡོན་པ་ཚོས་རང་ཉིད་ཀྱི་བྱ་བ་དང་ལས་གཞིའི་ཆེད་དངོས་བརྗོད་གློག་བརྙན་བཟོས་ཡོད། ཨ་མདོ་ས་ཁུལ་གྱི་གློག་བརྙན་བཟོ་སྲོལ་ལྟར་མ་ཡིན་པར་རི་མོའི་གསར་གཏོད་ལས་རིགས་ལ་དོ་སྣང་ཆེན་པོ་བྱེད་པའི་ལྷ་ས་ཁུལ་དུ། འདུ་ཤེས་གཙོར་འཛིན་ན་གཞོན་རི་མོ་པ་སྤེན་ཆུང་གིས་རང་ཉིད་ཀྱི་སྒྱུ་རྩལ་བརྩམས་ཆོས་སྟེང་བརྙན་པར་བེད་སྤྱོད་བྱས་ཡོད། སྤྱི་ལོ༢༠༠༦ལ་ཁོང་གི་ཐོག་མའི་སྒྲིག་སྦྱོར་ (installation)ཐོར་བུའི་གྲས་ཀྱི་གཅིག་ནི་མཚན་མོ་ཞིག་ལ་ནམ་རྒྱུན་འདུ་འཛི་ཆེ་བའི་གྲོང་ཁྱེར་གྱི་ལམ་བཞི་མདོ་ཞིག་གི་ས་ངོས་སུ་ས་སྨྱུག་(གཉེན་སྟོན་དང་། རབ་གནས། གལ་ཆེའི་མགྲོན་བསུ་བྱེད་སྐབས་ཀྱི་སྲོལ་རྒྱུན་ལག་ལེན་ཞིག་ཡིན)གིས་རི་མོ་བྲིས་ཤིང་དེ་བརྙན་པར་དུའང་ཕབ་ཡོད། ཨ་མདོ་རུ་ཚོགས་སྡེ་གློག་བརྙན་བཟོ་སྐྲུན་བྱེད་པའི་རབ་གསལ་ཚོགས་པ་འཛུགས་མཁན་ཚེ་རིང་དཔལ་བློ་ཡིས་དངོས་བརྗོད་གློག་བརྙན་"དབྱར་ཁའི་རྩྭ་ས་" (སྐར་མ༨༥། ༢༠༡༡) ཞེས་པ་ཨ་རིའི་གློག་བརྙན་བཟོ་མཁན་ནེལ་སོན་ཝེལ་ཁེར་(Nelson Walker) དང་ལེན་ཁྲུར་ (Lynn True) ཟུང་འབྲེལ་གྱིས་ཕབ་སྐྲུན་བྱས་ཏེ་ཨ་རིའི་ནང་དུ་མཐའ་མའི་སྒྲིག་སྦྱོར་དང་འགྲེམས་སྤེལ་བྱས།    ཡིན་ནའང་སྤྱི་ལོ་༢༠༠༠ཀྱི་ལོ་རབས་ནང་དུ་ཨ་མདོ་ཡི་བོད་མི་ཤེས་ཡོན་པ་རྒན་པ་མང་པོ་ཞིག་གིས་དངོས་བརྗོད་གློག་བརྙན་བཟོ་བའི་ལས་ལ་ཞུགས་མགོ་བརྩམས། དེ་ཚོའི་གྲས་ཀྱི་ཡོངས་གྲགས་གཅིག་ནི་སྙན་ངག་པ་དང་སྒྲུང་ཐུང་རྩོམ་པ་པོ་ལྕེ་ནག་ཚང་རྡོ་རྗེ་ཚེ་རིང་ཡིན་ལ། 1477046934337799.jpgཁོང་གིས་ལྗང་བུ་ཞེས་པའི་སྨྱུག་མིང་འོག་རྩོམ་འབྲི་བྱེད་ཅིང་མཚོ་སྔོན་གྱི་སོག་པོ་ (རྒྱ་སྐད་དུ河南)རུ་འབོད་པའི་ས་ཆ་ནས་ཡོང་པ་ཞིག་རེད། སྤྱི་ལོ་༢༠༠༣ནས་ཁོང་གིས་པ་རེ་སི་གྲོང་ཁྱེར་ན་ཡོད་པའི་རྒྱལ་ཡོངས་ཤར་ཕྱོགས་སྐད་ཡིག་དང་རིག་གནས་སློབ་གཉེར་ཁང་(Institut national deslangues et civilizations orientales) དུ་དགེ་རྒན་བྱས་མོད། འོན་ཀྱང་ཁོང་གིས་རྩོམ་འབྲིའི་ལས་རིགས་ནས་གློག་བརྙན་བཟོ་འདོན་གྱི་ལས་ལ་ཞུགས་རྒྱུའི་ཐག་གཅོད་དེ་ཕྱི་རྒྱལ་མི་སྣ་དང་འབྲེལ་བ་མ་བྱུང་གོང་དང་ཨང་ཡིག་ཅན་གྱི་དུས་སྐབས་མ་སླེབས་སྔོན་ལ་བྱས་ཡོད། སྤྱི་ལོ་༢༠༠༧ལ་ནིའུ་ཡོག་ཏུ་གཏམ་བཤད་ཅིག་བྱེད་སྐབས། ཁོང་གིས་ཐག་གཅོད་དེ་སྤྱི་ལོ་༡༩༨༠ཡི་ལོ་རབས་ནང་དུ་(ཀྲང་ཙི་དབྱང་། Zhang Ziyang ༢༠༠༤ལ་གཟིགས་རོགས) ལྷ་སར་གནས་སྡོད་བྱས་པའི་རྒྱ་རིགས་སྒྱུ་རྩལ་མི་སྣའི་ཤོག་ཁག་གིས་བཟོས་པའི་བོད་སྐོར་གྱི་དངོས་བརྗོད་གློག་བརྙན་སྔ་བོའི་གྲས་ལ་ལན་འདེབས་ཡིན་ལུགས་བརྗོད་ཡོད། ཤོག་ཁག་འདིས་མཚམས་རེར་ཁོ་ཚོར་རང་ཉིད་ལ་"ཁྲམ་པ་"ཞེས་འབོད་ཀྱི་ཡོད། ཁོང་རང་ཉིད་དམིགས་བསལ་གྱིས་གློག་བརྙན་བཟོ་བའི་ལས་རིགས་ལ་ཞུགས་པ་དེ་ཝང་ཧེའི་ཞིན་ (Wang Huaixin)གྱི་"བོད་ཀྱི་བསླུ་བྲིད་" (Tibetan Seductions) ཅེས་པའི་དངོས་བརྗོད་གློག་བརྙན་ལ་ལན་འདེབས་བྱས་པ་ཞིག་རེད། གློག་བརྙན་འདི་ཡིས་ཨན་ཧེའི་ནས་ཡིན་པའི་གསར་འགོད་པ་ཞིག་དང་། པེ་ཅིན་གྱི་རི་མོ་པ་སྐད་གྲགས་ཅན་ཞིག འཇར་པན་གྱི་རོལ་དབྱངས་པ་ཞིག་བཅས་བོད་དུ་ཡོང་སྟེ་བོད་ཀྱི་རིག་གཞུང་དང་སྒྱུ་རྩལ་གྱི་མཆོད་པ་ཉམས་སུ་མྱོང་བའི་གཏམ་རྒྱུད་ཅིག་བཤད་ཡོད། ལྗང་བུ་ལྟར་ན་གློག་བརྙན་འདིས་"དངོས་བརྗོད་གློག་བརྙན་བཟོ་བའི་ཚ་རླབས་ཤིག་"འཕྱུར་དུ་བཅུག་ཡོད་ཅེས་བཤད།

       "བསྟན་བྱར་གྱུར་བའི་བརྗོད་གཞི་ལ་འབྲེལ་བ་མེད་པར་ཕྱི་མིའི་འདོད་ཚུལ་ལྟར་བོད་ཀྱི་ཡིད་དུ་འོང་ཞིང་བརྗིད་ཆགས་པའི་ཡུལ་ལྗོངས་ཁོ་ན་སྒྲིག་གཤོམ་བྱས་འདུག ངས་གློག་བརྙན་འདི་ལ་ཐོག་མར་བལྟ་སྐབས་ང་རང་ལ་ཚོར་བ་ཆེན་པོ་ཞིག་སྐྱེས་སོང་། གསོན་ཉམས་ལྡན་པའི་ས་སྐྱེས་རྡོ་སྐྱེས་ཀྱི་བོད་མི་རྣམས་གློག་བརྙན་གྱི་མི་སྣ་གཙོ་བོའི་ཚུལ་དུ་ལྟ་ཅི། ཁོ་ཚོ་ནི་བསྡུར་བྱེད་ཕལ་བ་ཅན་དང་རྒྱན་ཆ་ལྟ་བུར་གྱུར་འདུག དེར་བརྟེན། ང་ཚོ་ནི་ཇི་སྲིད་བར་དུ་འཛམ་གླིང་གི་མཐའ་ཟུར་དང་སྦས་གསང་བྱེད་ཡུལ་དུ་ཡོད་ཅིང་འདབས་གཟུགས་སམ་སྡུར་བྱེད་ཕལ་བའི་ཚུལ་དུ་བསྡད་དེ་གསར་དུ་རྙེད་རྒྱུར་སྒུག་ཡོད་པའི་མིའི་རིགས་ཤིག་ཡིན་ནམ། ཞེས་ངས་རང་ཉིད་ལ་དྲི་བ་འདི་འདྲ་ཞིག་དྲིས་པ་ཡིན"(ལྕེ་ནག་ཚང་། ༢༠༠༧། ༣།)

        སྤྱི་ལོ་༡༩༨༩ཡི་ནང་ལོགས་ཤིག་ལ། རྡོ་རྗེ་ཚེ་རིང་གིས་མིང་གྲགས་ཆེ་བའི་སྲིད་གཞུང་གི་ལས་ཁུངས་ (བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི) ནས་རྩ་དགོངས་ཞུས་ཏེ། བོད་རིགས་སློབ་ཆེན་དང་མཐོ་འབྲིང་སློབ་མས་སྤྲད་པའི་ཞལ་འདེབས་ཀྱི་མ་དངུལ་ལ་བརྟེན་ནས་འགུལ་མེད་པར་ཆས་ཤིག་ཉོས། དེ་ཉོ་བའི་དམིགས་ཡུལ་ནི་"ང་རང་གི་བསམ་བློ་ནས་ཐོན་ཞིང་ཕྱི་མིས་སྣང་ཆུང་བྱས་པའི་བོད་ཀྱི་བྱུང་ཚར་བའམ་ཡལ་བཞིན་པའི་བྱ་དངོས་རྣམས་གཟུགས་ཅན་དང་དངོས་ཡོད་ཀྱི་ལམ་ནས་"པར་ལེན་བྱ་རྒྱུ་དེ་ཡིན། (༢༠༠༧། ༤།) ཡིན་ནའང་ཁོང་ལ་གློག་བརྙན་བཟོ་འདོན་དང་ལས་གཞི་ལེགས་འགྲུབ་བྱེད་པའི་མ་དངུལ་དང་ལག་རྩལ་འདང་ངེས་ཤིག་ཡོད་མྱོང་མེད། ཡུན་རིང་མ་འགོར་བར་རྡོ་རྗེ་ཚེ་རིང་རྒྱ་ནག་གི་སྒྱུ་རྩལ་དང་དངོས་བརྗོད་གློག་བརྙན་བཟོ་མཁན་གྲགས་ཅན་ཝེན་ཕུའུ་ལིན(Wen pulin) ལ་ཐུག་ཅིང་དངོས་བརྗོད་གློག་བརྙན་ཞིག་གི་ལས་འཆར་རགས་ཟིན་འབྲི་བར་རེ་སྐུལ་བྱས། ཁོང་གིས"དགོང་མོ་དེ་ག་རང་ལ་ངས་ཨ་མདོ་རེབ་གོང་གི་ཡོངས་གྲགས་དུས་ཆེན་ཞིག་གི་དངོས་བརྗོད་གློག་བརྙན་ཐོག་ལ་འཆར་གཞི་ཞིག་བྲིས་པ་ཡིན། དེའི་སྔོན་ལ་ངས་དངོས་བརྗོད་གློག་བརྙན་བཟོ་རྒྱུ་དེ་ཅི་ཞིག་ཡིན་པ་ཤེས་ཀྱི་མེད།" ཅེས་བྲིས་ཡོད།(༢༠༠༨། ༧༢།) སྤྱི་ལོ་༡༩༩༣ནས་ཁོང་གིས་རྩོམ་པ་པོ་དང་ཞིབ་འཇུག་པ་ཡིན་པའི་ཝེན་དང་ཟུང་འབྲེལ་ཐོག་བཟོས་པའི་ལས་གཞི་སྐོར་ཞིག་གི་འཁྲབ་ཁྲིད་པ་གཞོན་པ་བྱས་ཤིང། སྤྱི་ལོ་༡༩༩༩ནས་༢༠༠༣བར་རྒྱ་རིགས་གློག་བརྙན་བཟོ་མཁན་ཁྲེན་ཀྲེན(Chen Zhen) ལ་"པོ་ཏ་ལ་"ཞེས་པའི་པོ་ཏ་ལ་ཕོ་བྲང་སྐོར་གྱི་དངོས་བརྗོད་གློག་བརྙན་བཟོ་རོགས་བྱས་ཏེ། མཉམ་ལས་འདི་ནི་"རང་ཉིད་སྒྱུ་རྩལ་པ་ཞིག་ཡིན་པའི་ཆ་ནས་གོ་སྐབས་ཡག་ཤོས་དེ་ཡིན་"ཞེས་བརྗོད་ཡོད།

         སྤྱི་ལོ་༢༠༠༣ནང་ལ་གཞི་ནས་ཨང་ཡིག་ཅན་གྱི་ཡོ་ཆས་ཉོ་སྒྲུབ་བྱེད་ཐུབ་པར་བརྟེན་ནས་ཁོང་ལ་རང་ཉིད་ཀྱི་དངོས་བརྗོད་གློག་བརྙན་བཟོ་བའི་གོ་སྐབས་ཐོབ་ཡོད་པ་དང་།1477047034292487.jpg དུས་སྐབས་དེར་ཁོང་གིས་དུས་ཚོད་མང་ཆེ་བ་ཕྱི་རྒྱལ་དུ་བསྐྱལ་ཡོད། ཁོང་གིས་"སྔགས་པ" (སྐར་མ༥༠། ༢༠༠༣)དང་། "བོད་ཀྱི་བཙུན་མ་ཨ་ནེ་ལྷ་བྱམས" (སྐར་མ༢༦། ༢༠༠༧།) "ཀོ་ཀོ་ནོར" (སྐར་མ་༥༢། ༢༠༠༨།) ཁྲིམས་འགལ་གཏེར་སྔོག་བྱེད་པའི་སྐོར་ལ་ཞིབ་འཇུག་བྱས་མ་ཚར་པའི་("བོད་དེ་མཐའ་མཇུག་གི་བག་འཁུར་")དང་ཁྲིམས་འགལ་གྱིས་དབྱར་རྩྭ་དགུན་འབུ་བརྐོ་སྒྲུག་བྱེད་པའི་སྐོར་ ("དབྱར་རྩྭ་དགུན་འབུ")བཅས་གཞུང་འབྲེལ་མིན་པའི་ཐོག་ནས་བོད་ནང་དང་ཕྱི་རྒྱལ་དུ་ཡོངས་ཁྱབ་ཀྱིས་གཟིགས་འབུལ་དང་འགྲེམས་སྤེལ་བྱས་ཡོད།

           ཁོང་གི་བརྩམས་ཆོས་ལ་སྐད་གྲགས་ཡོད་པའི་ཁོང་རང་ཉིད་ཀྱི་སྙན་ངག་རྩོམ་ལུགས་(ལྗང་བུ་དང་སི་ཊོ་སྒྲར་ཊི Stoddard ༢༠༠༡༠ལ་གཟིགས་རོགས༳དང་འདྲ་བར་རྙོག་འཛིང་དང་རབ་རིབ་ཀྱི་མཚུངས་ཆོས་ཡོད་མོད། འོན་ཀྱང་རྗོད་བྱེད་ཚིག་གིས་སྒྲིབ་པ། དཔྱད་གཞི། ཐ་ན་སྙན་ཚིག་བཅས་ཀྱི་སྟེང་ནས་མིན་པར་བླང་དོར་གྱི་གནས་ལུགས་དབྱེ་འབྱེད་དང་ཐག་གཅོད་གཏན་འབེབས་ཀྱི་རང་བཞིན་ལ་གཡོལ་ཐབས་བྱེད་ཀྱི་ཡོད། གློག་བརྙན་དེ་དག་ཕྱི་མིའི་མིག་གིས་མིའི་རིགས་རྒྱུད་རིག་པའམ་ཡང་ན་རིག་གཞུང་ལ་ཞིབ་འཇུག་བྱེད་པ་མིནཔ་ཕྱི་གསལ་ནང་གསལ་རེད། མཐོང་མྱོང་མེད་ནའང་གོ་མྱོང་ཞིང་རང་གི་ཚོགས་སྡེའི་ཚོགས་མི་ཡིན་པའི་འཁྲབ་ཁྲིད་པ་དང་ཁོ་ཚོའི་བརྗོད་གཞིར་གྱུར་པའི་མི་རྣམས་ཀྱི་བར་དུ་བྱུང་བའི་མཇུག་སྡོམ་བྱས་མེད་པའི་གླེང་མོལ་གྱི་སྐོར་ཡིན། བརྗོད་གཞིར་གྱུར་པའི་མི་རྣམས་ནི་གྲོང་སྡེ་ནས་ཡོང་ཞིང་"ཅི་ཡང་མིན་པའི་"མི་ཕལ་བ་རྣམས་རེད། ཁོ་ཚོའི་སྐད་ཆར་རྒྱུན་དུ་བཞད་གད་དང་རང་ཉིད་ཁྱད་གསོད་ཀྱི་རྣམ་པ་ཡོད་སྟབས། གྲུབ་འབྲས་མ་བྱུང་བའམ་གལ་ཆེན་ཞིག་ཏུ་གཏན་ནས་བརྩིས་མེད། ཁོང་གི་གློག་བརྙན་དང་པོའི་ནང་དུ་གསང་སྔགས་ཉམས་ལེན་ལ་མངའ་བརྙེས་པའི་སྐོར་འཁོད་ཡོད་པ་ནི་རྟོག་པ་མཐར་སོན་གྱི་ངོམ་སོ་སྟོན་ཆེད་མིན་པར། ཁོ་ཚོའི་དམིགས་ཡུལ་ནི་བག་ལེབ་ཆེན་པོ་ཞིག་བསྲེགས་ཏེ་རང་ཉིད་ཀྱི་ཚོགས་སྡེ་ལ་སྤྲོད་རྒྱུ་དེ་རང་ལས་མ་འདས། ཁོ་ཚོས་ས་གནས་ཀྱི་འགྲུལ་སྐྱེལ་རླངས་འཁོར་འབྲིང་བའི་ཁ་ལོ་བ་རྣམས་ལ་བག་ལེབ་དུས་ལྟར་དུས་སྟོན་སྟེང་སྐྱེལ་དུ་འཇུག་པར་དཀའ་ངལ་ཅུང་ཟད་འཕྲད་དེ། ལམ་བར་ནས་བརླག་གྲབས་བྱས་ཤིང་བག་ལེབ་ལ་གས་ཆག་མེད་པར་འགྲུལ་སྐྱེལ་རླངས་འཁོར་ཀྱི་སྟེང་ལ་བཀྱག་འཇོག་བྱེད་པར་དཀའ་ངལ་རེ་འཕྲད་ཡོད། པར་རྒྱག་སྟངས་དེ་ཡང་ཞིབ་ཚགས་མིན་ཞིང་། བག་ལེབ་ལ་མཚོན་ན། ཡ་མཚར་དང་སྙན་ཚིག་གམ་ཡང་ན་ཟློས་གར་གྱི་ཆ་ཤས་ཕྲ་མོ་ཙམ་ཡང་སླེབས་མེད་ལ། བྱ་དངོས་ཐམས་ཅད་ཆ་ཚང་མིན་ལ་བཀྲག་མདངས་ཡལ་བའི་དེང་རབས་ཀྱི་རྣམ་པས་ཁེངས་ཡོད་པ་དང་། དེ་ལ་ལེགས་ཉེས་ཀྱི་དབྱེ་འབྱེད་དང་འགྲེལ་བཤད་ཅི་ཡང་བྱས་མེད། དེ་ལས་ལྡོག་སྟེ། བལྟ་མཁན་གྱི་ངོས་ནས་བརྗོད་གཞིར་གྱུར་པའི་མི་རྣམས་བླང་དོར་གྱི་གནས་ལུགས་ལ་གསལ་ཆ་མེད་པ་དང་ཐག་གཅོད་བྱེད་མི་ཐུབ་པའི་གནས་སྟངས་ངོས་འཛིན་བྱེད་རྒྱུར་རྒྱུན་དུ་དཀའ་ངལ་རེ་འཕྲད་ཀྱི་ཡོད་ཡོད་པ་མཐོང་ཐུབ།

          དེར་བརྟེན། རྡོ་རྗེ་ཚེ་རིང་གི་བརྩམས་ཆོས་ནི་རྒྱ་ནག་སྲིད་གཞུང་དང་རྒྱལ་སྤྱིའི་མཉམ་འབྲེལ་བརྒྱུད་ལམ་སུ་ཡིས་བཟོས་མིན་ལ་མ་བལྟོས་པར་གསར་བག་ཅན་དང་རང་བྱུང་ལ་དགའ་བ་ཅན་གྱི་བོད་སྐོར་གྱི་དངོས་བརྗོད་གློག་བརྙན་བཀྲག་མདངས་ཅན་དང་ནང་དོན་ངེས་གཏན་ཅན་གྱི་ལྡོག་ཟླར་གྱུར་ཡོད། རྒྱ་ནག་གཞུང་གི་ལས་བྱེད་དང་ཡང་ན་ཆབ་སྲིད་ལས་འགུལ་སྤེལ་མཁན་གྱིས་ངོ་རྒོལ་བྱེད་མིན་ལ་མ་བལྟོས་པར་ཁོང་གི་གློག་བརྙན་ནི་ད་དུང་ཆབ་སྲིད་ཐོག་ནས་བདེན་པ་བཤད་མཁན་གྱི་དགེ་མཚན་ཅན་གྱི་ལངས་ཕྱོགས་དང་ཡང་ཁྱད་པར་ཤོར་ཡོད་ལ། དེར་བོད་དང་འབྲེལ་བ་གཏིང་ཟབ་ཡོད་པའི་རྒྱ་ནག་གི་དངོས་བརྗོད་གློག་བརྙན་བཟོ་སྐྲུན་བྱེད་པའི་ལས་འགུལ་གསར་པ་ཡང་མཐོང་ཐུབ། ལུའུ་ཞིན་ཡུའུ་(Lu Xinyu)ཡིས་གསུང་པ་ལྟར་ན། ལས་འགུལ་དེའི་ནང་དུ་"ཐོག་མར་བཟོ་སྐྲུན་བྱེད་པའི་རང་དབང་གི་གཤིས་ལུགས་བེད་སྤྱོད་བྱེད་རྒྱུ་"དང་། སྤྱི་ལོ་༡༩༨༩ནས་༡༩༩༣བར་གྱི་དུས་སྔའི་སྣེ་ཁྲིད་མཁན་ནི་ཝུའུ་ཝེན་ཀོང་(Wu Wenguang)དང་། ཝེན་ཕུའུ་ལིན།(Wen Pulin) ཏོན་ཅིན་ཁྲོན།(Duan Jinchuan) ཅང་ཡེའེ་(Jiang Yue)དང་བཅས་གཞན་པ་མི་དགུ་ཡིན། ལུའུ་ཞིན་ཡུའུ་(Lu Xinyu ༢༠༡༠། ༡༩ )ཁོ་མོས་འདི་སྐོར་ལོགས་སུ་དབྱེ་སྟེ་གསུངས་མེད་ནའང་། འདིའི་གྲས་ཀྱི་མཐའ་མའི་མི་གསུམ་པོ་དང་དེའི་སྟེང་ཐོ་གཞུང་ནང་གི་ཉུང་མཐའ་ཡང་མི་གཞན་པ་གཉིས་(ཁྲེན་ཀྲེན་Chen Zhenདང་ཧྥུའུ་ཧོང་ཞིནFu Hongxing)  བཅས་སྤྱི་ལོ་༡༩༩༠ཡི་ལོ་རབས་ཀྱི་སྟོད་ཆར་ལྷ་སར་ཡོད་པའི་"ན་གཞོན་ཁྲམ་པ་"ཡི་རྒྱུད་འཛིན་བྱེད་མའི་ཁོངས་སུ་འཛུལ་ཞུགས་བྱེད་དུ་བསྐྱོད་ཡོད་པ་དང་། སྐབས་དེར་རྡོ་རྗེ་ཚེ་རིང་གིས་ཁོ་ཚོ་ངོ་ཤེས་པར་གྱུར།

        རུ་ཚོགས་དེར་བྱས་པའི་ཁོང་གི་སྐྱོན་བརྗོད་དང་ལུའུ་རང་ཉིད་ཀྱིས་ཁོ་ཚོའི་སྐོར་ལ་བཤད་པའི་སྐད་ཆ་གཉིས་ལ་འདྲ་ས་ཡོད། ཁོ་མོས་ཏོན་ཅིན་ཁྲོན་ཕུད་པའི་དངོས་བརྗོད་གློག་བརྙན་བཟོ་མཁན་གསར་པ་ཚོས་ཏོན་ལ་ཡོད་པའི་བོད་ཐོག་གི་ཉམས་མྱོང་དང་ཁོ་བས་སེམས་ཚོར་ཤ་ཚའི་སྒོ་ནས་མིན་པར་ལྷ་སའི་སྲིད་གཞུང་ལ་ཞིབ་འཇུག་བྱས་པའི་"ཨང༡༦བར་སྐོར་ལྷོ་ལམ་"(八廓南街16号)(སྐར་མ༡༠༠། ༡༩༩༦) ནས་ལེགས་ཆ་ལེན་ཐུབ་མེད། ཁོ་མོས་བརྗོད་ན། གློག་བརྙན་དེ་ཡིས"བོད་མིའི་འཚོ་བར་བརྩེ་དུང་གིས་བཅིངས་པའམ་ལྐོག་གྱུར་ཡིན་པ་བཟོས་མེད་པར་བོད་མི་དཀྱུས་མ་ཚོས་རྒྱ་ནག་གཞུང་དང་འབྲེལ་འདྲིས་བྱེད་པའི་སྐོར་"སྟོན་གྱི་ཡོད་ཅེས་དང་།210bfbe12db6bbf2673571f9e9b1c43e.jpg ཡང་ཁོ་མོས་བོད་དུ་བསྐྱོད་པའི་གློག་བརྙན་བཟོ་མཁན་གཞན་རྣམས་ལལ་བཤད་རྒྱུར་"ངས་དག་ཞིང་ཡུ་ཐོ་པི་ཡ་(Utopia) ཡི་བསམ་བློ་དེ་དངོས་སུ་མཇུག་རྫོགས་མི་འདུག བོད་ནི་ད་དུང་ཡང་རྒྱང་ཐག་རིང་བའི་ས་ཆའི་མཚོན་རྟགས་དང་དེང་དུས་དཔལ་ཡོན་དང་ཁྱད་པར་ཤོར་བའི་རྟགས་མཚན་ཞིག་ཏུ་བརྩི་བཞིན་པ་ཤེས་སོང་"ཞེས་དང་། རྒྱ་ནག་ཏུ་རྟེན་གཞི་བྱས་པའི་རྒྱ་རིགས་དངོས་བརྗོད་གློག་བརྙན་བཟོ་མཁན་མང་པོ་ཞིག་"དྲན་གདུང་"གིས་མནར་སྟེ་མུ་མཐུད་དུ་"ཐག་རིང་ཡུལ་ནས་དག་ཞིང་ཡུ་ཐོ་པི་ཡ་འཚོལ་བའི་"ལས་ལ་ཞུགས་ཡོད། (ལུའུ་ཞིན་ཡུའུ Lu Xinyu  ༢༠༡༠། ༣༦--༣༧།) ཡིན་ནའང་རྡོ་རྗེ་ཚེ་རིང་གི་བརྩམས་ཆོས་ཀྱིས་ཡ་མཚར་གྱི་རང་བཞིན་ཁས་ལེན་མི་བྱེད་པའི་སྟེང་། ཏོན་གྱི་གློག་བརྙན་དང་མི་འདྲ་བར་དངོས་ཡོད་ཀྱི་སྙན་ཞུ་ཞིག་བྱེད་འདོད་པའི་འདམ་ཁ་དེའང་བླངས་མེད་ལ། སྒྲིག་སྦྱོར་དང་བཤད་གཏམ་གྱི་ནང་དུ་རྒྱུན་སྲོལ་མཛེས་རིག་བེད་སྤྱིད་མི་བྱེད་པ་དང་བརྗོད་གཞིར་གྱུར་པའི་མི་སྣ་རྣམས་མི་སྒེར་ཡིན་པའི་ཆ་ནས་སྤྱི་ཚོགས་ཀྱི་གྲལ་མཐར་དེད་པའམ་མཐའ་སྐྲོད་བྱས་ཡོད་མེད་སྐོར་གལ་ཆེན་དུ་བཟུང་མེད། དེ་ལས་ལྡོག་སྟེ། ཁོ་ཚོ་ནི་བོད་མི་དཀྱུས་མའི་གྲས་ནས་སླེབས་ཤིང་། མཐོ་རིམ་སྤྱི་ཚོགས་ནས་ཡོང་བའམ་ཡང་ན་ཆགས་ས་རྟེན་ས་མེད་པའི་མི་དེ་འདྲ་ཡང་མིན། ཡ་མཚར་མིན་ཆ་མེད་རྒྱུས་མེད་ཀྱང་མིན་པར་ཁོ་ཚོ་ནི་གཟི་མདངས་མེད་པའི་མི་ལུས་ཆ་ཚང་ཐོབ་ཡོད་ཤ་སྟག་ཡིན། ཡིན་ནའང་ཁོ་ཚོ་ནི་དེང་རབས་ཅན་གྱིས་ཕོག་ཐུག་བཏང་བའི་གདོང་པགས་མེད་པའི་མི་ཡང་མིན་པར། ཁོ་ཚོ་མི་རེ་ངོ་རེ་ནུས་ཤུགས་ཅན་དང་མི་སྒེར་ཅན་གྱི་ཁྱད་ཆོས་མངའ་ཞིང་འགྲོ་བ་མིའི་རིགས་ཀྱི་རང་གཤིས་ལྡན་པའི་གང་ཟག་ཅིག་གི་ཚུལ་དུ་ཅུང་ཟད་འབྲི་ཐབས་བྱས་ཡོད་པ་དེེར་ང་ཚོས་ཡུད་ཙམ་བལྟ་དགོས་པ་ཞིག་ཆགས་ཡོད།

       ཁོང་གི་གློག་བརྙན་ནི་སྤྱི་ཚོགས་འབྲེལ་ལམ་དང་། རྒྱལ་ཁོངས་ལྟ་བུ་གསལ་བོ་མེད་པར་ཐུན་མོང་དུ་སྤྱོད་པའི་ཁྱད་ཆོས་ལ་གཞིར་བཞག་གིས་དམིགས་ཡུལ་གཅིག་མཚུངས་ཡོད་པའི་མི་ཡི་མཚོན་བྱེད་དུ་བརྩི་བའི་གསལ་ཁ་མེད་ཅིང་ངེས་བརྟན་མེད་པར་གྲུབ་པའི་རྙོག་འཛིང་ཅན་གྱི་རི་མོའི་ཚུལ་དུ་བཀོད་པའི་མཐོ་རིམ་སྤྱི་ཚོགས་མིན་པའི་མི་དང་འབྲེལ་ཐུག་བྱེད་པའི་སྐོར་ཡིན། ཁོང་གི་པར་ཆས་དེ་ཡང་ནམ་རྒྱུན་གློག་བརྙན་བཟོ་མཁན་གྱིས་རང་ཉིད་ཀྱི་བརྗོད་གཞིར་གྱུར་པའི་མི་དང་གཏམ་གླེང་བྱེད་པའི་ཕྱོགས་སུ་གཏད་ཡོད་པ་དང་། ཕྱི་མི་ཞིག་གིས་ཁོ་ཚོར་མིག་གཅེར་ཏེ་བལྟ་ཡི་ཡོད་པའམ་ཡང་ན་འགྲེལ་བརྗོད་བྱེད་པའི་རྣམ་པ་ཞིག་གཏན་ནས་མེད། དེར་བརྟེན་གློག་བརྙན་གྱིས་མཐོ་རིམ་སྤྱི་ཚོགས་ཀྱི་བོད་མི་ཤེས་ཡོན་ཅན་དང་གྲོང་གསེབ་བམ་གྲོང་བརྡལ་ཆུང་ཆུང་ནས་ཡིན་པའི་བོད་རིགས་ཞིང་པ་དང་། དགེ་འདུན་པ། ཉེན་རྟོག་པ། སྲང་ལམ་གྱི་གད་པ། བཙུན་མའི་བར་དུ་ཐུན་མོང་གི་ཁྱད་ཆོས་ཡོད་པའི་སྐོར་སྟོན་གྱི་ཡོད། གལ་ཏེ་རྒྱ་རིགས་ཀྱི་དངོས་བརྗོད་གློག་བརྙན་གསར་པས་མི་སྒེར་པ་རྣམས་སྤྱི་ཚོགས་ཀྱི་གྲལ་མཐའ་ཡིན་པ་ནས་དེང་རབས་ཅན་དང་གྲོང་ཁྱེར་གྱི་སྤྱི་ཚོགས་སུ་གོམ་བསྐྱོད་བྱེད་པ་བསྟན་ཚེ། རྡོ་རྗེ་ཚེ་རིང་གིས་ཁོང་རང་གི་གནས་སྟངས་དང་གཅིག་མཚུངས་ཡིན་པའི་བོད་རིགས་དཀྱུས་མ་ཐུན་མོང་གིས་གྲུབ་ཅིང་སྤྱི་ཚོགས་ཀྱི་གྲལ་མཐར་དེད་པའི་ཚོགས་སྡེ་ཧྲིལ་བོ་ཞིག་སྟོན་གྱི་ཡོད། ཚོགས་སྡེ་ཧྲིལ་པོ་སྤྱི་ཚོགས་ཀྱི་གྲལ་མཐར་དེད་པའི་གནས་སྟངས་འདིའི་སྐོར་འགྲེལ་བརྗོད་དང་ཐེར་འདོན་བྱས་མེད་ལ། དེའི་རྒྱུ་མཚན་བཤད་རྒྱུད་ལྟ་ཅི་བསམ་ཚུལ་བཤད་པར་འབོད་པའམ་བཤད་པའི་གོ་སྐབས་ཀྱང་སྤྲད་མེད། རྩོམ་པ་པོ་གྲགས་ཅན་ཚེ་རིང་དོན་འགྲུབ་ནི་སོག་པོའི་མི་རིགས་ལ་ངོས་བཟུང་བྱས་ཤིང་རིག་གཞུང་སྟེང་ནས་བོད་པ་ཡིན་པར་འདོད་པའི་སྤྱི་ཚོགས་ཤིག་ནས་མཆེད་དེ་ཡོང་བ་ལྟར། རྡོ་རྗེ་ཚེ་རིང་གིས་ཀྱང་རང་ཉིད་མི་རིགས་ཅི་ཞིག་ཡིན་མིན་སྣང་མེད་སྐྱུར་འཇོག་བྱེད་པ་ནང་བཞིན། ཁོང་གིས་བྲིས་པའི་སྙན་རྩོམ་དང་འདྲ་བར་རྒྱུན་ལྡན་དཀའ་ངལ་བརྒྱུད་ནས་མིན་པར། ཁོང་གི་གློག་བརྙན་གྱིས་བཟང་སྤྱོད་ལ་བརྟེན་ནས་གླེང་གཞི་བཟོ་བའམ་མཇུག་སྡུད་བྱེད་ཚུལ་དང་ལེན་མི་བྱེད་པའི་ཐོག་ནས་འགྲེལ་བཤད་རྒྱག་རྒྱུ་བཀག་འགོག་བྱེད་ཀྱི་ཡོད། པར་ཆས་དེ་ཡང་བདེན་པ་ཁོ་ནའམ་རྒྱུས་མངའ་ཡོད་པའི་བརྟག་ཞིབ་བྱེད་མཁན་གྱི་དངོས་ཡོད་ལངས་ཕྱོགས་ངོས་འཛིན་བྱེད་ཆེད་མིན་པར། གློག་བརྙན་བཟོ་སྐྲུན་བྱེད་པའི་ལས་གཞིའི་ཐབས་ལམ་དང་མཐའ་མའི་དམིགས་ཡུལ་གཉིས་ཀའི་ཆ་ནས་བརྗོད་གཞི་དངོས་དང་འབྲེལ་བ་ཆ་ཚང་ཡོད་པའི་བོད་མི་ཕན་ཚུན་གཅིག་གྱུར་ཡོང་བའི་འཆིང་ཐག་ཅིག་བསྒྲིལ་ཏེ་ཚོགས་སྡེ་བཞེངས་སྐྲུན་བྱེད་པའི་བྱ་བ་ཞིག་ཏུ་གྲུབ་ཡོད།།

 

                                                                                                                                               (གཡང་འབུམ་རྒྱལ་ནས་དབྱིན་ཡིག་ནས་བསྒྱུར།)

——————————————

༡.སྤྱི་ལོ༢༠༠༣ལ་རྡོ་རྗེ་ཚེ་རིང་གིས་སྤྱི་ལོ༡༩༨༠ཡི་ལོ་རབས་ནང་ལྷ་སར་གནས་སྡོད་བྱས་པའི་རྒྱ་རིགས་ན་གཞོན་ཁྲམ་པའི(流氓)སྒྱུ་རྩལ་ཤོག་ཁག་གི་བརྩམས་ཆོས་དང་བསམ་བློ་ལ་སྐྱོན་བརྗོད་དྲག་པོ་བྱེད་པའི་དཔྱད་རྩོམ་བྲིས་ཤིང་། ཁོང་གིས་ཁོ་ཚོ་ནི་"རྒྱུགས་འབྲས་མ་ལོན་པའི་མི་དང་། ཡང་ན་བོད་དུ་འཚོ་རྟེན་འཚོལ་དུ་ཡོང་མཁན། ཡང་མིན་རང་ཉིད་ཀྱི་སྒྱུ་རྩལ་ལ་བློ་སྐྱེད་འཚོལ་དུ་སླེབས་པ། ཨ་མ་འཚོལ་དུ་ཡོང་བའི་མི་ཞེ་ཅིག་རེད་"ཅེས་བྲིས་ཡོད་པས་འདི་ནི་བོད་མི་ཞིག་གི་ངོས་ནས་བྲིས་པའི་སྐྱོན་བརྗོད་དཔྱད་རྩོམ་ཚ་ཤོས་དེ་ཆགས་ཡོད། ཁོ་ཚོ་བོད་དུ་ཕྱིན་ཏེ་གྲུབ་འབྲས་རེ་ཟུང་བླངས་ཏེ་ཕྱིར་སླེབས་ཐུབ་པ་བྱུང་ཡོད། འོན་ཀྱང་བཀྲ་ཤིས་ཟླ་བ་དང་ཨ་ལེ་【གཉིས་ཀ་བོད་པའམ་ཕྱེད་བོད་པ་ཡིན།】གཉིས་ཕུད་དེ་འདི་ཚོའི་གྲས་ནས་དངོས་འབྲེལ་གྱིས་བོད་པ་དང་དཔུང་གདང་མཉམ་གཤིབ་ངང་བསྡད་མྱོང་མཁན་འདི་རེད་ཅེས་མཛུབ་སྟོན་བྱེད་དཀའ། (ལྕེ་ནག་ཚང་། ༢༠༠༨། ༢༧༨ནས༩) སྐྱོན་བརྗོད་འདི་བོད་ཀྱི་རིག་གཞུང་ཡ་མཚན་ཅན་དུ་བཟོ་བའམ་ཁེ་ཕན་ཆེད་བེད་སྤྱོད་བྱེད་མཁན་གཙོ་བོའི་གྲས་དང་རྒྱང་རིང་བྱས་ཏེ་འདུག་མཁན་ཝེན་ཕུའུ་ལིན་ (Wen Pulin)དང་ཏོན་ཅིན་ཁྲོན་ (Duan Jinchuan)ལྟ་བུ་ལ་དམིགས་ཏེ་བྲིས་པ་ཞིག་མ་རེད་སྙམ། ལུའུ་ཞིན་ཡུའུ་ (Lu Xinyu)ཡིས་ཀྱང་རང་ཉིད་ཀྱི་རྩོམ་ཡིག་ནང་དུ་རྒྱུ་རྐྱེན་གཅིག་མཚུངས་ལ་བརྟེན་ནས་ཏོན་གྱི་བརྩམས་ཆོས་དེ་རྒྱ་རིགས་གློག་བརྙན་བཟོ་མཁན་མང་ཆེ་བའི་གྲས་ནས་ལོགས་སུ་བཏོན་ཡོད། (ལུའུ ༢༠༡༠། ༣༦།)

༢.རྡོ་རྗེ་ཚེ་རིང་གི་གློག་བརྙན་ཡོངས་སུ་གྱུར་པར་"དམའ་འབེབས་བྱས་རིགས་"མེད། གློག་བརྙན་ཁ་ཤས་ཀྱི་ནང་དུ་འགྲེལ་བརྗོད་མེད་ཅིང་ཐག་རིང་ནས་བསྡད་དེ་སྤེལ་བའི་དཔྱད་བརྗོད་བྲིས་པ་བསྟན་འདུག དེར་བརྟེན་ང་ཚོས་"དབྱར་་རྩྭ་དགུན་འབུ་"ཞེས་པར་བསྟན་པའི་ཉེན་རྟོག་པས་ཁྲིམས་མཐུན་མིན་པའི་ཤ་མོ་བརྐོ་མཁན་ཚོར་རྡུང་རྡེག་གཏོང་བ་དེར་བལྟས་ནས་ཤ་ཚ་བྱེད་དགོས་པའམ་ཡང་ན་བསུན་གཙེར་བྱེད་དུ་འཇུག་དགོས་མིན་ང་ཚོས་ཤེས་ཀྱི་མེད།

 

                                                                              ཁུངས་གཏུགས་དཔྱད་གཞི་བྱེད་དགོས་ཚེ། རྩོམ་ཡིག་འདིའི་དབྱིན་ཡིག་མ་རྩོམ་ལ་གཟིགས་རོགས་གནང་།

 

དཔྱད་མཆན་ཡོད།