ཁྱེམ་ཁིས་དྷོ་ཡི་གློག་བརྙན་དྲན་ཐོ།(ཁག་དང་པོ།)

u=747706930,21731280&fm=26&gp=0.jpg

        དེ་རིང་གློ་བུར་དུ་ལྷོ་ཁོ་རི་ཡའི་འཁྲབ་ཁྲིད་པ་གྲགས་ཅན་ཁྱེམ་ཁིས་དྷོ(金基德Ki-duk Kim)སྐུ་གཤེགས་པའི་གནས་ཚུལ་ཐོས་བྱུང་། ཁོང་རང་ཏོག་དབྱིབས་ནད་དུག་གི་རྐྱེན་གྱིས་ཚེ་ལས་འདས་པ་རེད། ཏོག་དབྱིབས་ནད་དུག་གིས་འཛམ་གླིང་གི་མི་གང་མང་མང་གི་ཚེ་སྲོག་འཕྲོག་ཀྱིན་པའི་སྐབས་འདིར། ཁོང་ནི་ང་རང་དང་ཆེས་ཐག་ཉེ་ཞིང་ཆེས་སྙིང་ཉེ་བའི་མི་ཞིག་ཏོག་དབྱིབས་ནད་དུག་གི་དབང་གིས་ཚེ་འདས་བྱུང་བའི་མི་ཐོག་མ་དེར་ཆགས་སོང་། དེ་བས་དུས་ད་གཟོད་དབང་མེད་དུ་ཏོག་དབྱིབས་ནད་དུག་ལ་འཇིགས་དངས་སྐྱེས་ཤིང་ནད་དུག་འདི་ལ་ཁོང་ཁྲོ་དང་ཞེ་སྡང་ལངས་ཡོང་། འོན་ཏེ། ད་ནི་ཡོད་ཚད་འཕྱིས་དྲགས་སོང་།

      ཁྱེམ་ཁིས་དྷོ་ཐོག་མར་ངོ་ཤེས་དུས་ནི«ཁང་སྟོང»ཞེས་པའི་གློག་བརྙན་དེ་ཡིན་ཞིང་། དང་ཐོག་དེའི་འགོ་རྔ་ཆ་ཚང་ཞིག་ཡག་པོ་བལྟ་མ་ཐུབ་ཀྱང་གཏམ་རྒྱུད་དེས་སེམས་ལ་བརྗེད་ཐབས་མེད་པའི་བག་ཆགས་ཤིག་བཞག ཁོང་གི་གློག་བརྙན«དཔྱིད་དབྱར་སྟོན་དགུན་སླར་ཡང་དཔྱིད»ཅེས་པ་ནི་ཚད་ངེས་ཅན་ཞིག་སྟེང་ནས་བཤད་ན། ཐོག་དང་པོར་འགོ་རྔ་མ་ལུས་ཡོངས་སུ་ཆ་ཚང་ཞིང་། དབེན་པའི་གནས་ཤིག་ཏུ་ཁེར་རྐྱང་ངང་བལྟས་པའི་གློག་བརྙན་ཐོག་མ་རུ་བརྩི་ཆོག དང་ཐོག་གློག་བརྙན་དེར་བལྟས་རྗེས། ངས་འདི་འདྲ་ཞིག་བྲིས་མྱོང་ཡོད་དེ།

            དང་ཐོག་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ཡིས།།

             ཐར་བའི་རི་ནས་སྒྲུབ་པ་ཉམས་ལེན་མཛད།།

            བར་དུ་འཇིག་རྟེན་འཁོར་བའི་བདེ་དགའ་ཚོར་བ་ཡིས།།

            ཐར་བའི་རི་ནས་བབས་ཤིང་འཁོར་བའི་རི་ལ་འཛེགས།།

            མཐའ་མར་འཇིག་རྟེན་འཁོར་བར་ངེས་འབྱུང་སྐྱེས།།

            སླར་ཡང་རི་ནས་བབས་ཤིང་ཐར་བའི་རི་ལ་འཛེགས།།

 

            མི་ཡི་ཚེ་འདིར་ལུས་རྟེན་ཅི་བརྗེ་ཆ་མི་འཚལ།།

            སེམས་ཀྱི་འཆར་སྒོ་རྣམ་པ་སྣ་ཚོགས་བརྩི་མི་ཐོན།།

            སོ་སོར་འཁྲེང་ཞིང་ཆགས་རྗེས་སུན་ཞིང་སྐྱོ་བ་འདིས།།

            མི་རྟག་གནས་ལུགས་ཡང་ནས་ཡང་དུ་སྟོན་བཞིན་མཆིས།།

        གློག་བརྙན་འདི་ངས2015ལོའི་ཟླ9པའི་ཚེས6ཉིན་བལྟས་ཤིང་། དེ་ནས་བཟུང་སྟེ། མི་ཚེ་གཅིག་པོ་འདི་དབྱར་དགུན་སྟོན་དཔྱིད་ནང་བཞིན་རེས་མོས་འཁོར་ཞིང་། འཁོར་བའི་བདེ་སྐྱིད་དང་སྡུག་བསྔལ། ལན་ཆགས་དང་བུ་ལོན། འདོད་ཧམ་དང་འགྱོད་པ་མ་ལུས། ཆོས་དང་འཇིག་རྟེན་གཉིས་ཆུ་ལ་ཆུ་བཞག་གི་ཚུལ་དུ་གནས་ཤིང་། འདི་དག་ཡོད་ཚད་ཕྱི་ཡི་དུས་ཚིགས་ཀྱི་འགྱུར་བ་དང་བསྟུན་ནས་ཕན་ཚུན་གཞི་གཅིག་ངོ་བོ་དབྱེར་མེད་དུ་འདྲེས་སུ་བཅུག་ཡོད་པའི་གཏམ་རྒྱུད་དང་བརྗོད་སྟངས་དེས་དངོས་གནས་ཧ་ལས་ཧོན་འཐོར་བར་བྱས། དེའི་རྗེས་སུ་ད་དུང་དེ་ལས་ལྷག་པའི་གོ་བ་རྙེད་ཆེད་བརྙན་དཔྱད་མང་པོ་བཀླག་ཅིང་ཡང་ཡང་བལྟས་པ་བརྒྱུད། ད་གཟོད་གཏམ་རྒྱུད་འདི་གྲུབ་པར་བྱེད་པའི་པར་མིག་གི་སྐད་ཆ་དང་ཟ་ཟུར་གྱི་བྱུང་བ་མང་པོ་ལྷག་པར་ཧ་གོ་ཡོང་དུས། འཁྲབ་ཁྲིད་པའི་འཁྲབ་རྩལ་དང་ནང་སེམས་ཀྱི་བློ་སྦྱོང་མཐའ་དག་གིས་ཡིད་ཀྱི་དང་པ་ཅིག་ཅར་དུ་འཕྲོག་པར་བྱས། 

1607765953551280.jpg

       གློག་བརྙན་འདིའི་འགོ་མཇུག་མཐུན་པར་བྱས་ཏེ་གྲྭ་ཕྲུག་ཆུང་ཆུང་ཞིག་གི་བསྟན་བཤིག་ཚ་པོའི་བྱ་སྤྱོད་དང་འབྲེལ་ནས་ལས་འབྲས་ཟེར་བ་ཨ་གསལ་ཞིང་ཨོཾ་དག་པའི་ངང་བསྟན་ཡོད་ལ། དབེན་དགོན་དེ་ཡི་གཡས་གཡོན་དུ་གྱང་ར་མེད་པའི་སྒོ་ཆེན་དང་ཉལ་ཁང་གི་སྒོ་སོགས་ཀྱིས་ཤིན་ཏུ་གོ་དཀའ་བའི་སྟོང་ཉིད་སོགས་ཀྱང་སླ་བར་བསྟན་ཡོད་ལ། གྲྭ་བ་གཞོན་པ་དེའི་རྒྱུད་ཀྱི་འདོད་སེམས་བསླངས་པ་དང་མཉམ་དུ་དབེན་པའི་རི་དང་བྲལ་ནས་མཐར་སྲོག་བཅད་པའི་ཉེས་པ་བསགས་ཤིང་། ནམ་ཡང་བདེ་ལ་འབབ་ཐུབ་ཀྱིན་མེད་པའི་སེམས་པ་དེའང་ཤེར་སྙིང་ཤིང་ལ་བརྐོས་པ་དེ་ནས་བཟུང་བདེ་ལ་བབས་ཤིང་། བཙོན་གྲོལ་ཐོབ་རྗེས་དབེན་དགོན་དུ་ལོག་ནས་སེམས་པ་རྩེ་གཅིག་གིས་ལུས་སྦྱོང་དང་བློ་སྦྱོང་ལ་འབད་ཅིང་། སྒྲོལ་སྐུ་ཡིན་ནམ་ཅི་དཀའ་བ་གྲངས་མེད་སྤྱད་དེ་རི་ཡི་རྩེ་མོར་འཁུར་བཞིན་ལུས་ཀྱི་སྡིག་སྒྲུབ་འདག་པར་བྱེད།(སྐབས་འདིའི་འཁྲབ་སྟོན་པ་འཁྲབ་ཁྲིད་པ་ཁོ་རང་ཉིད་ཡིན།)མིག་མེད་རྣ་མེད་སྣ་མེད། འདུ་བྱེད་མེད་འདུ་ཤེས་མེད་པར་བསྒོམས་པའི་གྲྭ་བ་རྒན་པ་དེའང་མཐར་ཐུག་ཞེན་ཆགས་དང་བདག་འཛིན་གྱི་དབང་གིས་ཚེ་ལས་འདས་རྗེས་སླར་ཡང་སྤྲུལ་ལྟར་ལུས་པ་སོགས། མདོར་ན། མི་ཚེའི་འགྱུར་བག་འདི་དག་ཐམས་ཅད་དུས་ཀྱི་འགོ་མ་དཔྱིད་དང་། དབྱར་གྱི་ལང་ཚོ། སྟོན་གྱི་ཡོ་ལང་། དགུན་གྱི་ན་ཟུག་ནང་ལྟར་དོན་གྱི་བྱུང་བ་དག་གཅིག་གཅིག་གཉིས་གཉིས་ངང་གཅལ་ཏུ་བཀྲམ་ཡོད་པས། བྱུང་རིམ་མཚར་ཞིང་། ཐབས་རྩལ་ལེགས་པ། བསྟན་དོན་ཆེ་ཞིང་ནང་དོན་གཏིང་ཟབ་པ། དགའ་སྡུག་སྣོན་མར་འཕེལ་ཏུ་འཇུག་ལ། དབང་མེད་དུ་བསམ་གཞིག་ནར་མར་གཏོང་ཏུ་འཇུག་པས། གློག་བརྙན་འདིས་སྒོ་ཀུན་ནས་ཡིད་སེམས་དབང་མེད་དུ་བཀུགས་ཤིང་བསྟོད་པའི་མཐེ་བོང་ཡང་ཡང་བསྒྲེངས་དགོས་བྱུང་།

          དེ་ནས་བཟུང་སྟེ་གློག་བརྙན་འདི་ཀུན་ལ་འོས་སྦྱོར་དང་མཚམས་སྦྱོར་བྱས་ཤིང་། གློག་བརྙན་འདི་བཟོ་མཁན་གྱི་འཁྲབ་ཁྲིད་པ་ཁོང་ལ་དང་བ་དང་དུང་བ་བླ་ལྷག་ཏུ་སྐྱེས་ཤིང་། རྒྱུན་པར་འཁྲབ་ཁྲིད་པ་ཞིག་གི་གློག་བརྙན་ཚང་མར་ལྟ་ལོབས་སུ་སོང་ཡོད་པས། ཡ་ལ་ཡུན་གྱིས་ཁོའི་གློག་བརྙན་གཞན་དག་བཙལ་ཞིང་འཚོལ་འགོ་བརྩམས་ཏེ་རེ་རེ་ཕབ་ལེན་བྱས་རྗེས། ཁོམ་ཁོམ་དུས་སུ་འཁྲབ་ཁྲིད་པ་ཁོང་གི་གློག་བརྙན་གྱི་རྒྱ་མཚོ་ངོགས་སུ་བར་མེད་དུ་བསྐྱོད་འགོ་བརྩམས་ཏེ། ཁོང་ནི་འཁྲབ་ཁྲིད་པ་དང་མི་ཇི་ལྟ་བུ་ཞིག་ཡིན་པ་དང་ཁོང་གི་གློག་བརྙན་གྱི་སྐད་ཆ་དང་གཏམ་རྒྱུད་བརྗོད་སྟངས་ནི་ཅི་འདྲ་ཞིག་ཡིན་པར་རྒྱུས་ལོན་བྱེད་འགོ་ཚུགས།

         དྲན་ངོགས་སུ་རབ་རིབ་ངང་ལུས་ཡོད་པ་ནི། དེའི་རྗེས་སུ་ཁོང་གི་གློག་བརྙན«མོ་པེ་བུའུ་སི»དང་«ཧྲིན་ཏང» «སཱ་མ་རི་ཡའི་བུ་མོ»སོགས་ལ་བལྟས་ཤིང་། ཁོང་གི་གློག་བརྙན་གྱིས་ཡིད་སེམས་རབ་ཏུ་བཀུག་ཅིང་གློག་བརྙན་བལྟས་ཚར་རྗེས་དབང་མེད་དུ་ཀུ་ཅོ་འདོན་དགོས་པ་དང་བྲེལ་ཤ་ལངས་པ། དངངས་འདར་རྒྱག་པ། འདུག་གཟོད་མི་བདེ་བ། བསམ་གཞིག་གི་ཀློང་དུ་འཐིམ་འགྲོ་བ་སོགས་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཏུ་གྱུར་འགྲོ དེ་དང་ཆབས་ཅིག་ཏུ། ཁོང་གི་སྔ་རབས་ཀྱི་གློག་བརྙན་མཐའ་དག་སྔོག་དེ་དུས་ཀྱི་སྔ་ཕྱི་གོ་རིམ་དང་བསྟུན་ནས་བལྟ་འགོ་ཚུགས་ཤིང་། ཁོང་གི་གློག་བརྙན་ལ་བལྟ་བ་ནི་ལུས་སེམས་གཉི་གའི་ལོངས་སྤྱོད་དཔེ་མེད་ཅིག་ཏུ་སེམས་ཤིང་ཁོང་གི་གློག་བརྙན་ལ་བལྟ་རྒྱུ་ནི་དངོས་གནས་ཉལ་ཐ་ཞིག་དང་འདྲ་བར་ལྟ་འདོད་ཀྱི་འདུན་པ་འགོག་ཏུ་མེད་ལ་དབང་མེད་དུ་དེ་ཡི་ཀློང་དང་དབྱིངས་སུ་འཐིམས་འགྲོ་བར་བྱེད།

གཅིག དུས་སྔ་མོའི་བརྩམས་ཆོས།

1. «ཨི་ཡུས་དུར་སྦེད་ཟིན་ཐོ།»(鳄鱼藏尸日记)(1996ལོ།)

1607766078718200.jpg

     ཁོང་གི་སྔ་དུས་ཀྱི་བརྩམས་ཆོས་ཐོག་མ་ནི1996ལོར་ཕབ་བསྐྲུན་བྱས་པའི«ཨི་ཡུས་དུར་སྦེད་ཟིན་ཐོ»ཞེས་པའི་གློག་བརྙན་དེ་ཡིན་ཞིང་། གློག་བརྙན་འདི་མ་རྩ་ཉུང་ཉུང་བཏང་ཐོག་སྒེར་ཚུགས་གློག་བརྙན་བཟོ་བའི་ཕྱོགས་སུ་གོམ་པ་སྤོས་པ་ཡིན། ཁྱེམ་ཁིས་དྷོ་ཁོང་རང1960ལོར་འབྱོར་བ་ཞན་པའི་རི་ཁུལ་ཞིག་ཏུ་སྐྱེས་ཤིང་། ཆུང་དུས་ནས་རི་མོ་འབྲི་རྒྱུར་ཞེ་དགའ། སློབ་འབྲིང་མཐར་མ་ཕྱིན་གོང་སློབ་བྱོལ་བྱས་ཏེ་བཟོ་གྲྭ་ཞིག་གི་ནང་གླ་བྱེད་དུ་སོང་ཞིང་། ལོ་ན20ཉི་ཤུ་སོན་པའི་ལོ་དེར་དམག་ལ་ཞུགས། 1990ལོར་ཀེམ་ཁེ་ཏིག་ཕ་རི་སུ་རུར་མཛེས་རྩལ་རིག་པ་སློབ་སྦྱོང་དུ་སོང་། དེ་དུས་རི་མོ་སྦྱོང་བ་དང་རི་མོ་བཙོང་ཏེ་འཚོ་ཐབས་བྱས། ལོ་གཉིས་ཀྱི་རྗེས་སུ་ཕྱིར་ཕ་ཡུལ་དུ་ལོག་ཅིང་། འཚོ་གནས་ཀྱི་ཆེད་དུ་འཁྲབ་གཞུང་ཁ་ཤས་འབྲི་འགོ་ཚུགས་ཤིང་ཕུལ་བྱུང་འཁྲབ་གཞུང་གི་གཟེངས་རྟགས་རེག མ་དངུལ་དེ་དག་ལ་བརྟེན་ནས1996ལོར་ཁོང་གིས་རང་ཉིད་ཀྱི་གློག་བརྙན་ཐོག་མ«ཨི་ཡུས་དུར་སྦེད་ཟིན་ཐོ»ཞེས་པ་འདི་ཕབ་བསྐྲུན་བྱས། གློག་བརྙན་འདིར་ཨ་མྱེས་དང་བུ་ཆུང་། ད་དུང་སྤྱོད་པ་རྩུབ་ཅིང་ལས་རྒྱུ་ཅི་ཡང་མེད་པའི་ན་གཞོན་ཨི་ཡུས་གསུམ་ཟམ་འོག་ཏུ་འཚོ་བ་རོལ་བཞིན་ཡོད། ན་གཞོན་ཨུ་ཡུས་ཀྱིས་རྒྱུན་པར་གཙང་བོའི་ནང་ལྕེབས་མཁན་གྱི་དངོས་པོ་ཙག་ཙིག་བཏུས་པ་བརྒྱུད་འཚོ་ཐབས་བྱེད་བཞིན་ཡོད། ཐེངས་ཤིག་རང་ཤི་རྒྱག་མཁན་གྱི་བུད་མེད་ཅིག་བསྐྱབས་པ་མ་ཟད་བཙན་གཡེམ་བྱས་ཤིང་། དེ་དང་བསྟུན་ནས་གར་སྡོར་འདིར་འདུག་གི་གནས་ངེས་གཏན་ངེས་པའི་འཁྱམ་པོ་འདི་བཞི་པོས་མཉམ་དུ་སྐྱིད་ལ་སྡུག་པའི་ལྷིང་འཇགས་ཀྱི་འཚོ་བ་ཞིག་རོལ་འགོ་བརྩམས། མཚམས་འདིར་ང་རང་ཚོའི་སེམས་པ་བདེ་ལ་བབས་ན་ཡང་། ཡང་བསྐྱར། ལས་དབང་གིས་ཉམ་ཆུང་གི་མི་ལ་ཀུ་རེ་བརྩེས་ཞེས་པ་ནང་བཞིན། བུད་མེད་དེ་ཆུ་ནང་ལྕེབས་པ་དང་མཉམ་དུ་ན་གཞོན་དེས་ཀྱང་བརྩེ་དུང་གི་ཆེད་དུ་ཤི་གསོན་མཉམ་གནས་བྱེད་ཆེད། ཆུ་ནང་བསྐྲུན་པའི་ཁང་ཆུང་དེའི་ནང་བུད་མེད་དང་མཉམ་དུ་ལག་མགོར་ལྕགས་སྒྲོག་གོན་ཏེ་མཉམ་ཤི་བྱ་རྩིས་བྱས། འོན་ཀྱང། འཆི་ཁ་མ་དེར་ཁོས་འཕག་འཚག་རྒྱག་འགོ་ཚུགས་ཤིང་ཅི་ནུས་གང་ཐུབ་ཀྱིས་ལྕགས་སྒྲོག་ལས་ཐར་ཏེ་གསོན་ཐབས་བྱས་ཤིང་། མཐར་མར་འུ་ཐུག་ངང་གྲི་ཆུང་གིས་བུད་མེད་ཀྱི་ལག་པ་གཏུབ་པ་དང་རང་ཉིད་ཀྱི་ལག་པ་གཏུབ་ནའང་། མཐའ་མར། ཡོད་ཚད་ངལ་བ་འབྲས་མེད་དུ་གྱུར་ཏེ་མཉམ་དུ་ཤི་དགོས་བྱུང་། འཁྲབ་ཁྲིད་པ་ཁྱེམ་ཁིས་དྷོ་ཡིས་སྟོན་ན་འདོད་པའི་མི་གཤིས་ནི་འདི་འདྲ་ཞིག་ཡིན་ལ། མི་གཤིས་ཀྱི་གཏིང་ཟབ་སར་ལག་རྙོབ་བྱེད་མཁས་ཤིང་། མིའི་རང་རྒྱུད་ཀྱི་ཆགས་པ་དང་འདོད་པ། རེ་དོགས་དང་ཕམ་ལྟུང་། འཚོ་གནས་ཀྱི་འདུ་ཤེས་སོགས་ཐང་མར་བརྡལ་ཞིང་གཅལ་དུ་བཀྲམས་ཏེ། མི་གཤིས་ཀྱི་གཉོམ་སོ་རང་ཇི་མ་ཇི་བཞིན་དང་སྦ་གསང་ཅི་ཡང་མེད་པར་སྟོན་མཁས་ཤིང་། འཁྲབ་ཁྲིད་པ་གཞན་དག་གི་རྫུ་བག་དང་ཚུལ་འཆོས་སོགས་དང་ཡེ་ནས་མི་འདྲ་ཞིང་། ནམ་ཡང་སྤྱི་ཚོགས་ཀྱི་བས་མཐའ་དང་གྲལ་མཐར་གནས་པའི་མི་བུ་ཆུང་ཆུང་དག་གི་ལས་དབང་བརྙན་མིག་གི་ལམ་ནས་སྟོན་མཁས་པས། ནམ་ཡང་བསམ་གཞིག་དང་འདང་རྒྱག ཐེ་ཚོམ་དང་རྟོག་བཏགས་ཀྱི་ཀློང་དུ་ཁྲིད་འགྲོ

2. «གཅན་གཟན་གྱི་གྲོང་ཁྱེར།»(野兽之都)(1997ལོ།)

1607766149724138.jpg

        གློག་བརྙན་འདིར་ཡང་ཕ་རི་སུ་རུ་ཡོང་བའི་ཁོ་རེ་ཡའི་ན་གཞོན་ཅིག་དང་བྲོས་བྱོལ་དམག་མི་ཅིག་གི་འཚོ་ཐབས་དང་འབྲེལ་ཏེ། ཁོ་གཉིས་ནག་ཚོགས་སུ་ཞུགས་ཤིང་རིམ་བཞིན་ནག་ཚོགས་ཀྱི་ལས་རྒྱང་དུ་བསྐྱུར་ཅིང་འདོད་ཧམ་མཐའ་དག་རྒྱང་དུ་འདོར་ལ་ཉེ་དུས། ཚེ་སྲོག་གི་རིན་དོད་ཕུལ་བའི་གཏམ་རྒྱུད་ཅིག་བརྗོད་ཡོད། འཁྲབ་ཁྲིད་པས་ནག་ཚོགས་དང་དྲག་ཤུགས། འདོད་སྲེད་དང་དུ་ནག དངུལ་ལོ་དང་ནག་ཉེས་སོགས་གཞི་གཅིག་ཏུ་བཀྲམས་ནས་གཟུགས་ཡོད་དང་གཟུགས་མེད་ཀྱི་གཅན་གཟན་ཏག་ཏག་གིས་ཁེངས་པའི་གྲོང་ཁྱེར་ཞིག་བཞེངས་བསྐྲུན་བྱས་ཡོད་ལ། གློག་བརྙན་འདི་ལས་ཁྱེམ་ཁིས་དྷོ་ཁོ་རང་དང་ཐོག་ཡོབ་གླིང་འགྲིམ་པའི་གཟུགས་བརྙན་དེ་མཐོང་ཐུབ་ཅིང་། ཁོང་གི་སྐྱོ་ཉམས་འདྲེས་ཤིང་། ཁ་མཚར་ནག་པོ་ལྟ་བུ་དང་། ཆགས་སྲེད་དང་ངན་གཤིས། མི་གཤིས་ཀྱི་གཉོམ་སོ་དག་རྗེན་པར་སྟོན་པའི་གཤིས་ལུགས་དག་གིས་རང་ལ་བག་ཆགས་གཏིང་ཟབ་མོ་བཞག་ཅིང་། འདི་དག་ནི་མ་གཞི་ནས་ཁྱེམ་ཁིས་དྷོ་གློག་བརྙན་ཁྲོད་ནར་མར་སྟོན་བཞིན་པ་དེ་ཡིན། གློག་བརྙན་འདི་སྐབས16པའི་ཝུན་ཀོ་ཧྭ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་དུ་ཚུད་མྱོང་པས། ཁོང་གི་གློག་བརྙན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་དུ་ཚུད་ཐེངས་དང་པོ་དེ་ཆགས་ཡོད།

3. «ནར་མ་སོན་པའི་གཟུགས་འཚོང་མ།»(雏妓)(1998ལོ།)

1607766207998896.jpg

       2016ལོའི་ཟླ1པའི་ཚེས17ཉིན་གྱི་མཚན་གོང་ལ། འཁྲབ་གཞུང་དང་འཁྲབ་སྟོན་པ། འཁྲབ་ཁྲིད་པ་སོགས་གང་ཐད་ནས་དགའ་ཞིང་དུངས་བའི་གློག་བརྙན་འདིས། གྲང་རླུང་རྒོད་པའི་ཁེར་རྐྱང་གི་མཚན་མོ་དེར་ང་ལ་དྲོད་ཁོལ་རབ་ཏུ་བསྩལ་ཅིང་། གློག་བརྙན་བལྟས་ཚར་རྗེས་གློར་རྡེག་ཏུ་ངས་ཅི་ཞིག་བྱས་ན་བསམ་ཞིང་གང་ཞིག་བསྒྲུབ་ན་འདོད་བྱུང་། ཡང་སྐད་ཅིག་དེ་ཉིད་ལ་སེམས་ཀྱི་ཟབ་ས་ཞིག་ནས་གང་ཞིག་བདེ་ལ་བབས་ཤིང་ཡིད་ཀྱི་ག་ཤེས་ཅིག་ནས་ཅི་ཞིག་གདུང་བས་མནན་སོང་ལ། གློག་བརྙན་འདིས་ང་སྨྱོ་རུ་འཇུག་ངེས་ཡང་བསམ་ཞིང་། མི་ཚེ་ནི་གློག་བརྙན་ཞིག་དང་ཅི་མི་འདྲ་སྟེ། མི་ཚེ་ནི་གློག་བརྙན་ཞིག་ཡིན་པས་ཚེ་འདིར་གློག་བརྙན་ཞིག་ཕབ་མ་ཐུབ་ན་འགྱོད་པ་ལ་ཨང་བསམ་མྱོང་།  གློག་བརྙན་འདི་ནི་ཆེས་སྤྱིར་བཏང་བ་དང་ཆེས་བབ་ཆགས་པ་ཞིག་ཡིན་ལ། ཁོང་གི་གློག་བརྙན་གཞན་དག་དང་ཀུན་ནས་མི་འདྲ་བར་ཁྲག་དྲི་དང་སྐྱི་གཡའ་བའི་ཆ་དེ་ཡོངས་སུ་དོར་ནས། བརྗོད་བྱ་དང་ཐབས་རྩལ་གང་ཐད་ནས་མཛེས་ཤིང་ལྟ་ན་སྡུག་པ་ཞིག་རེད། གློག་བརྙན་ཁྲོད་དུ་ཨོ་སི་ཁྲོ་རི་ཡའི་མཚོན་ཚུལ་རིང་ལུགས་ཀྱི་རི་མོ་པ་གྲགས་ཅན་ཡེ་གོན་སེལ་ལེར(Egon Schiele)གྱི་རི་མོ་བེད་སྤྱད་དེ། གཟུགས་འཚོང་མ་ཞིག་གི་འཚོ་བའི་དཀའ་སྡུག་དང་ནང་སེམས་ཀྱི་འཚོལ་སྙེག ཁོ་མོའི་སྡུག་ཡུས་དང་རྩིས་ཐང་སོགས་མཚོན་གྱིན་ལ། ཆོས་གཞུང་དུ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་དག་ནི་གང་དུའང་གནས་ཡོད་ལ། ཐ་ན་བཤན་པ་དང་སྨད་འཚོང་ཁྲོད་དུའང་གནས་ཡོད་ཟེར་བ་ནང་བཞིན། ཁོ་མོས་ཀྱང་མི་འདོད་མཐའ་དག་དང་དུ་བླངས་ཤིང་ཕ་རོལ་པོའི་འདོད་པ་ཚིམས་པར་བྱས་ཏེ་སེམས་ཅན་སྡུག་བསྔལ་ལས་གྲོལ་གྱིན་ཡོད་པ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་ཅི་ཁྱད། ཡང་གཅིག་བཤད་ན། ང་ཚོས་གཟུགས་འཚོང་མ་ཚོར་འཕྱ་སྨོད་དང་ཟུར་ཟ། བརྙས་བཅོས་བྱེད་སྲིད་ལ་ལྷག་ཏུ་རང་ཚོ་ངོ་ཚར་གཏད་པའི་བཟོ་ལྟ་སྟོན་ངེས་མོད། དོན་དངོས་སུ་ངོ་ཚ་འོས་པ་ནི་ཁོ་མོ་ཚོ་མ་ཡིན་པར་ང་རང་ཚོ་ཡིན་པའང་ཤེས་དགོས་སོ།།

1607766406333238.jpg

        གློག་བརྙན་འདི་སྐབས་དེར་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་བརྒྱད་ལྷག་སྟེང་དུ་ཞུགས་ཤིང་ཤུགས་རྐྱེན་ཆེས་ཆེ་བའི་བྷོར་ལེན་རྒྱལ་སྤྱིའི་གློག་བརྙན་སྟེང་གི་ཧྲིལ་ལྗོངས་སྡེ་ཚན་གྱི་མཛད་སྒོའི་སྟེང་གཟིགས་འབུལ་བྱས་ཤིང་། འཁྲབ་ཁྲིད་པ་ཁོང་རང་རྒྱལ་སྤྱིའི་གློག་བརྙན་གར་སྟེགས་སྟེང་སྤོས་པའི་གོམ་པ་དང་པོ་དེ་ཡིན་ལ་འདི་ནས་བཟུང་སྐད་གྲགས་ཆགས་འགོ་བརྩམས་པ་ཡིན། དེར་མ་ཟད། གློག་བརྙན་འདི་ནི་འཁྲབ་ཁྲིད་པ་ཁོང་གི་གློག་བརྙན་ཐབས་རྩལ་སྨིན་ཐག་ཆོད་ཅིང་། གློག་བརྙན་གྱི་བརྡ་དོན་དང་མཚོན་རྟགས་ཕུན་སུམ་ཇེ་ཚོགས་སུ་གྱུར་ཏེ། ཁྱེམ་ཁིས་དྷོ་ཡི་གློག་བརྙན་གྱི་རྣམ་པའམ་ཁྱད་གཤིས་གྲུབ་འགོ་ཚུགས་པར་ངོས་འཛིན་བཞིན་ཡོད།

གཉིས། ཁོ་ལག་རྫོགས་པ།

4. «འདོད་པའི་ཁང་ཆུང་།»(漂流欲室)(2000ལོ།)

1607766656317316.jpg

       གློག་བརྙན་འདི1999ལོའི་ཝེ་ནེ་སིའི་གློག་བརྙན་དུས་ཆེན་གྱི་སྡེ་ཚན་འགྲན་བསྡུར་དུ་ཚུད་མྱོང་ཞིང་། སྐྱི་གཡའ་བ་དང་འདྲོག་ཉམས་ཆེ་བའི་བརྙན་རིས་ཀྱིས་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་གྲགས་འགུལ་ཆེན་པོ་བསླངས་ཤིང་། སྐབས་དེའི་གསེར་སེང་རྟགས་མའི་འོས་མིང་དུ་ཚུད་མྱོང་ལ་མོ་སི་ཁོ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་གློག་བརྙན་རྩེ་གྲའི་བྱ་དགའ་བླངས། གློག་བརྙན་འདི་ནི་ཁོའི་རྣམ་ཀུན་བཤད་བཞིན་པའི་ཡ་ང་སྙིང་རྗེ་མེད་ཅིང་། དྲག་ཤུལ་གྱི་མཛེས་པ་དེ་མཚོན་བྱེད་ཀྱི་བརྩམས་ཆོས་ཤིག་ཡིན་ལ། ཁོའི་རིང་ལུགས་ཀྱིས་ཡོངས་སུ་ཕྱུག་པའི་གློག་བརྙན་ཞིག་ཡིན།

        གློག་བརྙན་འདི་ནི་འགྱུར་ཁུགས་དལ་ཞིང་། འཁྲབ་ཚིག་ཧ་ཅང་ཉུང་ལ། པར་མིག་ལ་མཛེས་ཉམས་ལྡན་ནའང་ནང་དོན་སྐྱི་གཡའ་བར་བྱེད་པའི་གློག་བརྙན་བཤད་མི་ཤེས་པ་ཞིག་ཡིན། མིའི་རྒྱུད་ཀྱི་འདོད་པ་ནི་མཚོ་ཁར་གཡེང་བའི་གྲུ་ཆུང་ཞིག་དང་འདྲ་ལ། གྲུ་ཆུང་འདིས་ལན་རེར་རང་ཉིད་ཀྱི་ཁ་ལོ་བསྒྱུར་ཅིང་ཡང་ལན་རེར་རང་ཉིད་ཀྱིས་ཁ་ལོ་བསྒྱུར་བཞིན་འདོད་པའི་གཏིང་རུམ་དུ་སིམ་པར་བཤད། མཚན་ཉིད་རིག་པ་བ་སཱ་ཐིས(Sartre)བཤད་པ་ནང་བཞིན། མི་གཞན་པ་ནི་དམྱལ་ཁམས་ཡིན་ཞེས་ཟེར་བ་ནང་ལྟར། ཁེང་ཧྲེང་དུ་ལུས་པའི་ཁོ་དང་ཁོ་མོ་གཉིས་སོ་སོའི་དམྱལ་ཁམས་སུ་གྱུར། ཉ་ཡིས་ལྕགས་ཀྱུའི་བསླུ་བྲིད་ལྡོག་མི་ནུས་པས་རྙི་རུ་ཚུད་དེ་སྡུག་བསྔལ་མྱོང་པ་ནང་བཞིན། ཁོ་དང་ཁོ་མོས་ཀྱང་འདོད་པ་དང་ཁེང་རྐྱང་། སྡུག་བསྔལ་བཟོད་མི་ནུས་པས་ཉ་ནང་བཞིན་དུ་མནར་གཅོད་མྱོང་དགོས་སྟེ། ཁོས་ལྕགས་ཀྱུ་ཁ་ནང་དུ་མིད་པ་ཁོ་མོས་ཁོའི་སྟེང་དུ་ཞོན་ནས་ལྕགས་ཀྱུ་ལེན་པ་དང་། ཁོ་མོ་མནར་གཅོད་དང་ཕྲག་དོག་གིས་མནར་ནས་ལྕགས་ཀྱུ་མཚན་མར་བཅུག་པས། ཁོས་ངལ་བ་བརྒྱ་ཕྲག་གིས་གཅིག་རེ་གཅིག་རེ་ཕྱིར་ལེན་པ། ཁོ་ཉེན་རྟོག་པའི་བདའ་འདེད་ལ་གཞོལ་ཆེད་ཆུ་ནང་ཡིབ་ཅིང་སླར་ཡང་ཆུ་ནང་ནས་ལེན་དུས་ཁོ་མོས་ལྕགས་ཀྱུ་ལ་བརྟེན་ནས་ཕྱིར་ལེན་པ་སོགས་ཀྱིས་མི་སེམས་ལ་རང་དབང་མེད་པར་དངངས་འདར་དང་བྲེལ་ཤ་ལངས་སུ་འཇུག་ཅིང་། ལྟར་མི་བཟོད་པ་དང་བསམ་མི་ཕོད་པའི་གནས་སུ་བསྐྱལ་ཡོང་ལ། སྨུག་པ་ལང་ལོང་ཁྲོད་ཀྱི་གྲུ་ཆུང་དང་སྐྱ་སོབ་སོབ་ཀྱི་ཡུལ་ལྗོངས། ཁོ་མོའི་དམར་སྨུག་གི་ལྭ་བ་སོགས་ཀྱིས་ཡི་གར་འོང་བའི་རྣམ་པ་ཞིག་བསྐྲུན་པའི་ཞོར་དུ་ཡི་མུག་པར་བྱེད་ལ་སྐྱོ་ཉམས་ཤིག་གིས་ཁེངས་པར་བྱེད། འདོད་པའི་མཚོ་མོ་དང་གཡེང་བའི་གྲུ་ཆུང་། འགུལ་བའི་སེམས་པ་དང་བརླིང་པའི་རི་བོ་སོགས་ནང་འགལ་ཅན་དུ་གྲུབ་ཅིང་། སླར་ཡང་མིའི་ནང་སེམས་ཀྱི་ཟབ་ས་ལ་ལག་རྙོབ་བྱས་ཏེ་མིའི་རྒྱུད་ཀྱི་ཕྲག་དོག་དང་འདོད་ཧམ། ཆགས་སྲེད་ཀྱིས་བསྐྲུན་པའི་ལུས་པོ་འདི་དང་སེམས་པ་འདི་གསལ་ལྷིང་ངེར་བརྙན་ངོར་འཆར་དུ་བཅུག་ཡོད།

5. «དོན་དངོས།»(真相)(2000ལོ།)

1607766767968085.jpg

     འཁྲབ་ཁྲིད་པ་ཁྱེམ་ཁིས་དྷོ་ཡིས་ཕལ་ཆེར་ལོ་གཅིག་རེར་གློག་བརྙན་གཅིག་རེ་བཟོ་བཞིན་ཡོད་ལ། གློག་བརྙན་འདི་ནི2000ལོར་ཚོད་ལྟའི་ཚུལ་དུ་བཟོས་ཤིང་དེ་དང་མཉམ་དུ་ཁོང་གིས་རང་ཉིད་ཀྱི་གློག་བརྙན་ཀུང་ཟི་བཙུགས། གློག་བརྙན་འདི་བརྙན་ཆས8ལྷག་གིས་སྐར་མ200ལྷག་ལ་བླངས་ནས་གྲུབ་ཅིང་། སྐབས་དེའི་མོ་སི་ཁོ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྟེང་ནས་བྱ་དགའ་བླངས་མྱོང་། འཁྲབ་ཁྲིད་པ་ཁོང་རྒྱུན་པར་སྤྱི་ཚོགས་འདིའི་སྟེང་གི་མ་རུང་བ་དང་མི་དགེ་བ། ཡ་ང་ཞིང་སྙིང་རྗེ་མེད་པ། བག་ཚ་བར་བྱེད་པའི་སྣང་ཚུལ་དག་སྟོན་པར་མཁས་ཤིང་། གློག་བརྙན་ཁྲོད་ཀྱི་ཁོ་ཡང་དེ་ནང་བཞིན་གཞན་གྱི་ཐུབ་ཚོད་དང་གཉའ་གནོན་གང་མང་བརྒྱུད། ནང་སེམས་ཀྱི་ཁོང་ཁྲོ་དང་ཞེ་སྡང་མེ་རི་བཞིན་དུ་འབར་བའི་གཏམ་རྒྱུད་ཅིག་བརྗོད་དེ། མ་གཞི་ནས་དགེ་སྡིག་དང་བདེན་རྫུན་གྱི་དབྱེ་བ་འབྱེད་དཀའ་ཞིང་། ལན་རེར་དེ་ནི་གལ་ཆེ་ནའང་ལན་རེར་དེ་ནི་རབ་རིབ་མག་མོག་ཅིག་ཡིན་པ་དང་། མིའི་རང་སྟེང་དུ་ཧྥུ་ལོ་དབྱི་ཏིས་མི་གཤིས་ཀྱི་གྲུབ་སྟངས་སྣ་ཚོགས་ཡོད་པའི་གཞུང་ལུགས་དང་འབྲེལ་ཏེ“རང”དང་རང་ཉིད་ངོ་མ”སོགས་ཀྱི་དབྱེ་བ་ཕྲ་རགས་དེ་བསྟན་ཡོད།

6. «སྡུག་ཕྲུག»(坏小子)(2001ལོ།)

1607766808104506.jpg

         གློག་བརྙན་འདིར་སྐབས52པའི་བྷོར་ལེན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་གློག་བརྙན་རྩེ་གྲའི་འོས་མིང་ཐོབ་པ་དང་ཧྥུ་ཧྲན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྟེང་ཚུད།

        འཁྲབ་ཁྲིད་པ་ཁོང་ནི་ཁོའི་གློག་བརྙན་འཁྲབ་སྟོན་མཁན་གཙོ་བོ་དེ་ནང་བཞིན་སྨྲ་བ་ཉུང་ཞིང་ཁུ་སིམ་མེར་ཅི་ཞིག་ལ་བསམ་གཞིག་གཏོང་རྒྱུར་གོམས་ཡོད་ལ། གློག་བརྙན་འདི་དང་དེ་མིན་གྱི་ཁོང་གི་གློག་བརྙན་མཐའ་དག་ཡིན་ངོ་མ་ནི་ཞེ་འཁོན་ཞེས་པ་འདི་ལས་བྱུང་བ་ཁོང་གིས་དངོས་སུ་བརྗོད་མྱོང་། ཁོང་གི་ཚོར་བ་དང་ཡིད་གཉིས་ཟ་བའི་དོན་དག་རེ་རེ་གློག་བརྙན་དུ་ཕབ་རྗེས་གློག་བརྙན་ལ་བརྟེན་ནས་དེར་གོ་བར་ལེན་བཞིན་ཡོད། «སྡུག་ཕྲུག»ཅེས་པའི་གློག་བརྙན་འདིར་ཡང་ཅི་ཡང་ལས་རྒྱུ་མེད་པའི་མ་རབས་ཤིག་གིས་རང་ཉིད་དགའ་སའི་བུ་མོ་དེ་རང་ལ་ཐོབ་ཆེད། ཁོ་མོ་ཅི་ཡང་མིན་པ་འདྲ་ཞིག་ཏུ་བཏང་རྗེས་རང་ལ་དབང་དུ་བཅུག་པའི་གཏམ་རྒྱུད་ཅིག་བརྗོད་ཡོད། འཁྲབ་ཁྲིད་པས་གློག་བརྙན་འདི་བརྒྱུད་ནས། མི་ཐམས་ཅད་འཇིག་རྟེན་འདིར་སླེབས་པ་འདྲ་འདྲ་ཡིན་ནའང་། ང་ཚོ་ནར་སོན་རྗེས། ང་ཚོར་རིགས་དང་དབྱེ་བ་ཕྱེ་སྟེ། ཡང་ན་ངོ་གདོང་དང་གོན་པ། ཡང་ན་སྒོར་མོ་དང་ལས་གནས་ཀྱིས་རིམ་པ་དགར་ནས་བར་ཐག་དང་བཟང་ངན། མཆོག་ངན་བགོས་ཤིང་། མི་དང་མིའི་བར་དུ་འབྲེལ་འདྲིས་བྱེད་མི་ཐུབ་པ་དང་ཕྱི་ཚུལ་གཅིག་པོ་གཙུག་ཏུ་བཀུར་བའི་ངན་སྤྱོད་དེ་གསལ་ལམ་མེར་བསྟན་ཡོད། དེ་དང་བསྟུན་ནས་ངོ་གདོང་དང་རྒྱུ་ནོར་ལ་མ་ལྟོས་པར་མི་ཕན་ཚུན་བར་འདྲ་མཉམ་དང་བརྩི་བཀུར་བྱེད་དགོས་པའི་གནས་ལུགས་བསྟན་ཡོད།

    གློག་བརྙན་འདིའི་ཁྲོད་དུའང་ཁོང་དགའ་སའི་རི་མོ་པ་གྲགས་ཅན་ཡེ་གོན་སེལ་ལེར་གྱི་རི་མོ་བེད་སྤྱད་ཡོད་ལ། བལྟས་ཚོད་ཀྱིས་ཅུང་རྫོབ་ཅིང་ཆགས་སྲེད་འདྲེས་པའི་རི་མོ་དེའང་ཡུན་གྱིས་ལྟ་དུས་ཧ་ཅང་ལྷད་མེད་དྭངས་གཙང་ཡིན་པ་དང་། མི་རྣམས་ཀྱི་གཟུགས་རིས་དང་གཟུགས་བརྙན། ཡང་ན་ཕྱི་ཚུལ་དང་ནང་སེམས་མཐའ་དག་འདོད་སེམས་ཀྱི་ཕྱི་ཐུམ་ཞིག་གིས་གཡོགས་ཡོད་པའི་ངང་ཚུལ་དེ་བརྗོད་ཡོད།

7. «ལེན་མཁན་མི་གསལ།» (收件人不详)(2001ལོ།)

1607766853116650.jpg

     དམག་ཆེན་གཉིས་པ་མཇུག་སྒྲིལ་རྗེས་ཨ་རི་དང་ལྷོ་ཁོ་རེ་ཡ་རྒྱལ་ཁབ་གཉིས་བར་མཛའ་མཐུན་གྱི་འབྲེལ་བ་བཙུགས་ཤིང་། ཨ་རིའི་དམག་མི་ལོ་ངོ60ལྷག་རིང་ལ་ཁོ་རི་ཡ་ནས་བཅའ་སྡོད་བྱས། ཁོ་རི་ཡའི་དམག་འཁྲུག་མཇུག་སྒྲིལ་རྗེས། ཨ་རིའི་དམག་མི་ཁྲི2.85ཁོ་རི་ཡ་ནས་གཞིས་ཆགས་ཤིང་ཁོ་རི་ཡའི་རྒྱལ་ཁབ་ལ་སྲུང་སྐྱོབ་བྱེད་པའི་འགན་འཁུར་བཞིན་ཡོད། ཨ་རིའི་དམག་མི་དང་ཁོ་རི་ཡའི་མི་དམངས་བར་གྱི་འབྲེལ་བ་དང་འགལ་བ་ནི་གློག་བརྙན་འདིའི་བརྗོད་དོན་དེ་ཡིན། གློག་བརྙན་ཁྲོད་དུ་ཨ་རིའི་མི་ནག་དང་མཉམ་དུ་བྱིས་པ་ཞིག་སྐྱེས་ཤིང་། ནམ་རྒྱུན་འཕྲིན་ཡིག་གྲངས་མེད་ཨ་རིར་བསྐུར་ཀྱང་ལེན་མཁན་མི་གསལ་བའི་ཨ་མ་དང་། གཞན་གྱིས་མིག་ནང་མི་འཇོག་ཅིང་རང་གི་ཨ་མ་ལ་ནམ་རྒྱུན་གཅར་རྡུང་དང་། ཁྱི་འཚོང་རྒྱག་མཁན་གྱི་ཁྲག་རྒྱུད་འདྲེས་མའི་བུ། ད་དུང་ཕུ་བོས་ལག་ཉེས་ཤོར་ཏེ་མིག་ཡ་གཅིག་བཅད་པའི་སྲིང་མོ་དང་། ནམ་རྒྱུན་ལས་རྒྱུ་མེད་པར་འགན་མི་འཁུར་བའི་ཕུ་བོ་སོགས། ཁོ་ཚོ་ཚང་མར་རང་རང་ས་ན་སྡུག་ཡུས་རེ་ཡོད་ལ་ཚང་མས་ནང་སེམས་ཀྱི་ཞེ་སྡང་ཕྱི་ལ་བྱོ་ཅི་ཐུབ་བྱེད་ཅིང་། སོ་སོ་ཕན་ཚུན་བར་བརྩེ་བ་དང་ཞེ་འཁོན་གྱིས་སྦོས་ཏེ་འཚོ་བའི་གནོན་ཤུགས་ཀྱི་འོག་ནས་རིམ་བཞིན་རྒོལ་རྡུང་དང་འགྲིག་ཐབས་བྱས་མོད། ཡང་ཡང་ཕྱིར་སློག་བྱས་པའི་འཕྲིན་ཡིག་དང་དྲག་བསྐྱེད་བྱུང་ཡང་ཞར་དུ་བཅུག་པའི་མིག་ཟུང་། ནམ་ཡང་ཡ་ང་བག་ཚ་མེད་པར་དམར་གསོད་བྱས་པའི་ཁྱི་རྒན་དང་། ཨ་རི་དམག་མིའི་དུག་རྫས་སོགས་ཀྱིས་འཚོ་བའི་རེ་ཐག་རྩ་ནས་བཅད་ཅིང་། འཚོ་བའི་སྙིང་བོ་ཐལ་དོང་དུ་སྤུངས་པས། མཐའ་མར་སྤྱི་ཚོགས་ཀྱི་བས་མཐའ་ན་ལུས་པའི་མི་འདི་དག་ལ་སྙིང་རྗེ་ཡང་རྗེ་ལ་སྙིང་ན་ཡང་ན། དེ་འདྲའི་འུ་ཐུག་ཐབས་ཟད་ཀྱི་སྐབས་སུ། གློ་བུར་དུ་རྒྱང་རིང་ནས་འཕྲིན་ཡིག་ཅིག་འབྱོར་བྱུང་། འོན་ཀྱང་། དུས་ད་ལྟ་ཡིག་ལན་འབྱོར་ཡང་ལེན་མཁན་མ་ཡོད།

8. «མཚོ་འགྲམ་ཐིག»(海岸线)(2002ལོ།)

hax1.jpg

      གཏམ་རྒྱུད་འདིའི་རྒྱབ་ལྗོངས་ནི། ལྷོ་ཁོ་རི་ཡ་དང་བྱང་ཁོ་རི་ཡའི་རྒྱལ་ཁབ་གཉིས་ཁ་གཏད་དུ་ལངས་པའི་དུས་སྐབས་སུ་གཏན་འཁེལ་བྱས་ཤིང་། མཚོ་འགྲམ་ཐིག་གཅིག་གིས་རྒྱལ་ཁབ་གཉིས་ཁ་ཁ་སོ་སོར་བགར། མཚོ་འགྲམ་སྲུང་བའི་དམག་མི་དག་གི་ཚད་མཐོའི་དོགས་ཟོན་དང་གཟབ་ནན། ཛ་དྲག་གི་རྣམ་པ་དེ་འདྲ་རྒྱབ་ལྗོངས་སུ་བྱས་ཡོད་ལ། སྲུང་དམག་དེས་ལག་ཉེས་ཤོར་ཐེངས་ཤིག་གིས་སྡེ་མི་ཞིག་འཆི་ལམ་དུ་བརྫངས་པ་དེ་རྐྱེན་བྱས། ཁོ་རི་ཡ་ཕྱེད་གླིང་ཁ་འཐོར་དུ་གྱུར་བའི་སྡུག་བསྔལ་དང་ཛ་དྲག་གི་གནས་བབས་དེ་འདྲའི་འོག་གི་ལོ་རྒྱུས་ཀྱི་དྲན་པ། དུས་རབས་ཤིག་གི་སྡུག་ཡུས་དང་ཕམ་ལྟུང་མཐའ་དག་མི་སྒེར་སྟེང་ལ་བབས་ཤིང་། མི་སྒེར་གྱི་ཆོད་སེམས་དང་སྤོབས་པ་ཡོངས་སུ་ཉམས་ཏེ་སྒེར་གྱི་འཇིག་རྟེན་རྨང་ནས་ཉིལ་བ་ལ་བརྟེན་ཏེ། ལོ་རྒྱུས་ལ་གསལ་འདེབས་དང་སྤྱི་ཚོགས་ལ་ཚ་འདྲི་ནན་མོ་བྱས་ཡོད། གློག་བརྙན་འདི་ཡར་སྔོན་གྱི་གློག་བརྙན་དང་མི་འདྲ་བར་མིང་གྲགས་ཆེ་བའི་འཁྲབ་སྟོན་པ་ཀྲང་ཏུང་ཅན་ལ་གཙོ་འཁྲབ་མི་སྣ་འཁྲབ་ཏུ་བཅུག་ཡོད་ལ། དཔྱད་བརྗོད་པ་ལ་ལས་གློག་བརྙན་འདི་ནི་འཁྲབ་ཁྲིད་པས་རང་ཉིད་ལ་གསེད་བཀྲོལ་བྱེད་ཐེངས་ཆེས་རྗེས་མ་བོ་དེ་ཡིན་པར་བཤད།

9. «དཔྱིད་དབྱར་སྟོན་དགུན་སླར་ཡང་དཔྱིད།»(春夏秋冬又一春)(2003ལོ།)

U825P28T3D556373F326DT20041105154556.jpg

          གློག་བརྙན་འདི་སྐབས་དེའི་ཁོ་རི་ཡའི་གློག་བརྙན་རྩེ་གྲ་བཅུ་ཡི་ཁོངས་སུ་བདམས་ཤིང་། རྒྱལ་སྤྱིའི་སྟེང་ནས་བྱ་དགའ་གང་མང་ཐོབ་པ་མ་ཟད2004ལོའི་ཨོ་སི་ཁའི་ཕྱི་སྐད་གློག་བརྙན་རྩེ་གྲའི་ཁོངས་སུ་ཚུད། ཁོང་གི་གློག་བརྙན་མང་ཤོས་ནི་འཁྲབ་ཚིག་ཅི་བས་ཉུང་ཞིང་གཙོ་ཆེ་ཤོས་པར་མིག་དང་བརྙན་མིག་ལ་བརྟེན་ནས་ཞིབ་བརྗོད་བྱེད་ཀྱིན་ཡོད་ལ། པར་མིག་རེ་རེའི་མཚོན་དོན་གཏིང་ཟབ་ཅིང་རྒྱ་ཆེ་བས། ཆོས་ལུགས་ཀྱི་ངོས་དང་འཇིག་རྟེན་མི་ཆོས་སོགས་ཕྱོགས་གང་ཐད་ནས་གླེང་ཕྱོགས་ཆེ་བའི་གློག་བརྙན་གྲགས་ཆེན་ཞིག་ཡིན་ལ། ཁོང་གི་གློག་བརྙན་ཐམས་ཅད་ཀྱི་ཁྲོད་ནས་ཤུགས་རྐྱེན་ཆེ་ཞིང་མི་མང་ལ་བག་ཆགས་ཟབ་ཤོས་བཞག་པའི་གློག་བརྙན་ཡི་གར་འོང་པ་ཞིག་ཡིན།(ནང་དོན་སོགས་གོང་དུ་ནང་བཞིན་འདིར་བསྐྱར་ཟློས་མི་བྱེད།)

10. «སཱ་མ་རི་ཡའི་བུ་མོ།» (撒玛利亚女孩) (2004ལོ།)

1607767027482257.jpg

      “སཱ་མ་རི་ཡ”ཞེས་པའི་དོན་ནི་རང་ཉིད་ཀྱི་ལུས་པོ་བཙོང་ནས་ལྷ་ལ་ཞབས་འདེགས་ཞུ་བའི་བུད་མེད་རྣམས་ལ་གོ གློག་བརྙན་འདིར་ཡང་གཞོན་ནུ་མ་གཉིས་ཀྱིས་ཡོབ་གླིང་དུ་ཡུལ་སྐོར་ལ་འགྲོ་ཆེད། གཅིག་གིས་ལུས་བཙོང་ནས་རྒྱུ་བཙལ་ཞིང་། ཁོ་མོ་གཉིས་ཀྱི་ཕུགས་བསམ་འགྲུབ་ལ་ཉེ་དུས་ཉེན་རྟོག་པའི་ལག་ནས་ཐར་ཆེད་སྒེའུ་ཁུང་ནས་མཆོང་ཏེ་རང་ཤི་བརྒྱབ། བུ་མོ་གཞན་པ་དེས་ཀྱང་ཁོ་མོ་འཆི་ཁའི་རེ་འདུན་ཉག་གཅིག་འགྲུབ་ཆེད་རང་ཉིད་ཀྱི་ལུས་མི་བཙོང་ཐབས་མེད་དུ་གྱུར་ཅིང་། དེ་ནས་བཟུང་མོས་ཀྱང་སྔོན་ཆད་བཙལ་དུ་ཡོང་བའི་འཆལ་པོ་དེ་དག་བསྐྱར་དུ་བཙལ་ནས། ལུས་འབྲེལ་བྱས་རྗེས་དངུལ་སྒོར་མཐའ་དག་ཕྱིར་སློག ཁོ་མོའི་ཉེན་རྟོག་ཨ་ཕས་དོན་དེ་ཤེས་རྗེས་ཁོང་ཁྲོ་དང་སྡུག་བསྔལ་བཟོད་གླགས་མེད་པ་སྐྱེས་ཏེ་འཆལ་པོ་གཅིག་བསད་ཅིང་། བུ་མོ་ཁྲིད་དེ་གཞི་རིམ་དུ་ཁོ་མོའི་ཨ་མར་འདས་མཆོད་བསྒྲུབ་དུ་སོང་བའི་གཏམ་རྒྱུད་ཅིག་བརྗོད་ཡོད།

p462412145.jpg

       སངས་རྒྱས་ཆོས་གཞུང་དུ། རང་ལུས་བཙོང་པའི་དགྲ་བཅོམ་པ་དང་བྱང་ཆུབ་སེམས་དཔའ་ཡོད་པ་ནང་བཞིན། རང་དང་གཞན་གྱི་བདེ་སྡུག་ཆེད་རང་ཉིད་ཡལ་བར་དོར་ཏེ་གཞན་ལ་ཞབས་ཞུ་བསྒྲུབ་རྐྱང་བྱེད་པ་དང་། ཡང་ཁོ་མོ་ཤི་རྗེས། གསོན་ཡོད་པའི་གྲོགས་མོས་ཐབས་ཅི་ཞིག་ལ་བརྟེན་ནས་ཁོ་མོ་སྐྱོབ་ཐབས་བྱེད་དགོས་སམ། ཐབས་གཞན་ཅི་ཡང་མེད་དུས། གྲོགས་མོས་ཀྱང་ཡེ་ཤུའི་ཆོས་ལུགས་ནང་གི་སཱ་མ་རི་ཡ་ནང་བཞིན་དུ། གཞན་དང་རིན་མེད་ངང་ལུས་འབྲེལ་བྱས་ནས་རིན་ཕྱིར་སློག་རྗེས། འཆལ་པོ་དེ་དག་མི་བདེ་བ་དང་བྱ་དཀའ་བྱེད་གཏད་དུ་བཏང་སྟེ། ཁོ་ཚོའི་ནག་ཉེས་ཇེ་ལྕི་རུ་བཏང་།  གློག་བརྙན་ཧྲིལ་བོར་ཕུགས་བསམ་ལ་སྙེག་པ་ནས་དངོས་ཡོད་ཀྱིས་སུན་གཙེར་བཟོས་ཤིང་། ཡང་ཆོས་ལུགས་ཁྲོད་ཀྱི་ནག་ཉེས་དང་འཇིག་སྐྱོབ། འདྲི་གཅོད་སོགས་ཀྱི་བརྡ་དོན་གྱིས་ཁེངས།

(མུ་འགོད།)

ཟླ12པའི་ཚེས11རྩོམ་གྱི་མ་གདན་བྲིས་ཤིང་ཚེས12ལོར་མཇུག་བསྐྱངས།

  • ཟུར་བཀོད། 

         འཁྲབ་ཁྲིད་པའི་མིང་འདི་འཁྲབ་ཁྲིད་པ་དྲུག་བཅུའི་འབྲི་ལུགས་ཚད་ལྡན་ལྟར་བྲིས་ཡོད།  http://www.filmtbt.com/people/director/2016-09-18/590.html

     གསལ་བཤད། 

          རྩོམ་འདི་ནི་དྲ་བའི་མ་རྩོམ་ཡིན་པས།  གང་བྱུང་དགོད་མི་རིགས།  བརྒྱུད་ལམ་གཞན་པས་དགོད་འདོད་ཚེ། ངེད་དྲ་བའི་ཆོག་མཆན་ཐོབ་དགོས། དེ་མིན་ངེས་པར་རྩད་གཅོད་བྱ་ངེས། 

དཔྱད་མཆན་ཡོད།