འཚོལ་བཤེར།   
藏文频道
2016ལོའི་ཟླ་7ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ལོང་བས་རྒྱུག་ཤར་གློད་དེ་འབྲས་བཟང་བཏོད།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་24ཉིན། 15:01】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         དབྱིན་ཇིའི་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་འགན་འཁུར་བ་ཝུའུ་ཏེས“ཀྲུང་གོའི་བུ་མོ་དེ་ཧ་ལས་དགོས་པ་ཞིག་འདུག མིག་གིས་མ་མཐོང་ཡང་རྐང་པ་ཧ་ཅང་བདེ་ལྕག་འཁྱུག་པ་དཔེ་རེད། དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་མཱ་ལཱ་སུང་རྒྱང་རྒྱུག་འགྲན་བསྡུར་ནང་འཕུར་བ་ལྟར་བརྒྱུགས་ནས། འགྲན་ཡའི་ཚོགས་ལས་རྣམ་པར་རྒྱལ་ཏེ་མཐར་ཨང་དང་པོ་བླངས་སོང་བས་དངོས་གནས་མིང་དོན་མཚུངས་པ་རང་རེད”ཅེས་སྤོབས་སེམས་ཀྱིས་སྨྱུག་འཛིན་པར་བཤད་བྱུང་། དབྱིན་ཇིའི་སྨྱན་སྦྱོར་ཚང་མས་ཀྱང་དཔྱད་གཏམ་སྤེལ་ཏེ། ཐག་རིང་ཤར་ཕྱོགས་ཀྱི་ཀྲུང་གོ་ནས་སླེབས་པའི་ཀེན་ཅིན་གྱིས་ལོན་ཏོན་གྱི་མཱ་ལཱ་སུང་རྒྱུག་རར་ཤེད་ཀྱིས་བརྒྱུགས་ནས་དཔའ་ངར་ཆེན་པོས་ཨང་དང་པོ་ལེན་པའི་མཱ་ལཱ་སུང་གི་སྙིང་སྟོབས་དབྱིན་ཇིའི་ས་གཞི་ཆེ་མོར་བཞག་ཡོད་ཅེས་བཤད།
         ཟླ་4ཚེས་24ཉིན། ལོན་ཏོན་མཱ་ལཱ་སུང་གི་གཞུང་ཕྱོགས་དྲ་ཚིགས་ཀྱི་མངོན་གསལ་དོད་སར་ཨེ་ཤེ་ཡའི་བུ་མོ་ཞིག་གི་ངོ་རིས་གསལ་བ་དེ་ཀྲུང་གོའི་བུ་མོ་ཀྲེན་ཅིན་རེད། དེ་ཉིན་གྱི་སྐབས་36པའི་ལོན་ཏོན་མཱ་ལཱ་སུང་རྒྱང་རྒྱུག་འགྲན་བསྡུར་ནང་ལོང་བའི་བདམས་ཐོན་པ་ཞིག་གི་ངོས་ནས་ཀྲེན་ཅིན་འགྲན་བསྡུར་ནང་ཞུགས་ཏེ། ཆུ་ཚོད་3དང་སྐར་མ་13དང་སྐར་ཆ་15ཡི་ཐོག་ནས་བུད་མེད་དབང་སྐྱོན་གྱི་T11རིམ་པའི་མཱ་ལཱ་སུང་རྒྱང་རྒྱུག་གི་འཛམ་གླིང་ཟིན་ཐོ་གསར་པ་བཏོད་ཁར། འཇར་མན་གྱི་བདམས་ཐོན་པ་ཨོར་པུའུ་ལའེ་ཧེ་ཐེས་2015ལོར་བཏོད་པའི་འཛམ་གླིང་གི་ཟིན་ཐོ་སྐར་མ་13ཐུང་དུ་བཏང་ལ། རྣམ་གྲངས་དེའི་འཛམ་གླིང་བུམ་པའི་འགྲན་བསྡུར་གྱི་ཨང་དང་པོ་བླངས་པ་མ་ཟད། དབང་སྐྱོན་ཨོ་རྩལ་འགྲན་ཚོགས་མཱ་ལཱ་སུང་རྒྱང་རྒྱུག་འགྲན་བསྡུར་ཐོག་མཚན་སྙན་དེ་ཐོབ་པའི་ཀྲུང་གོ་བ་ཨང་དང་པོར་ཡང་གྱུར།
         ལོན་ཏོན་མཱ་ལཱ་སུང་རྒྱང་རྒྱུག་འགྲན་བསྡུར་1981ལོར་འགོ་བཙུགས་ཤིང་། འཛམ་གླིང་ཐོག་གི་སྐད་གྲགས་ཆེ་ཤོས་ཀྱི་མཱ་ལཱ་སུང་རྒྱང་རྒྱུག་འགྲན་བསྡུར་གྲས་ཤིག་རེད། དབང་སྐྱོན་མཱ་ལཱ་སུང་ཡང་དབང་སྐྱོན་མིན་པའི་མཱ་ལཱ་སུང་དང་འདྲ་བར་ལམ་ཐག་ཧྲིལ་པོར་སྤྱི་ལེ་40ཡོད།
         ལོ་25ལ་སོན་པའི་ཀྲེན་ཅིན་ལེའོ་ཉིང་གི་གྲོང་གསེབ་ཀྱི་ཞིང་ཁྱིམ་དབུལ་པོ་ཞིག་ཏུ་སྐྱེས་པ་དང་། རྒྱུད་ཁྲིད་པའི་དབང་གིས་ཁོང་དང་ནང་མི་མང་པོར་ལྷན་སྐྱེས་རང་བཞིན་གྱི་སྐྱ་གྲིབ་ཡོད་པས་གང་ཡང་མཐོང་ཐབས་བྲལ། ཁྱིམ་གྱི་འཁོས་ཀ་ཞན་པས་ཀྲེན་ཅིན་ཆུང་ངུའི་དུས་ནས་ཨ་མ་དང་མཉམ་དུ་སློབ་གྲྭའི་སྒོ་ཁར་རྔན་པ་འཚོང་བར་བསྐྱོད་ནས་འཚོ་བ་འཁྱོལ་ཐབས་བྱེད། ལོ་12ལ་སོན་སྐབས། ཁོང་ཕ་མ་གཉིས་དང་མཉམ་དུ་ཧྲེན་དབྱང་གྲོང་ཁྱེར་དུ་བསྐྱོད་ནས་ཉིན་ལྟར་སྤྱི་སྤྱོད་རླངས་འཁོར་བབས་ཚུགས་སུ་འཐུང་བཅའ་དང་འཁྱག་པ་བྱི་རིལ་འཚོང་བར་འགྲོ་གི་ཡོད།
         ལོ་15ལ་སོན་པའི་ལོ་དེར་ཀྲེན་ཅིན་གྱིས་དབང་སྐྱོན་ལག་ཁྱེར་གཉེར་བའི་སྐབས། ཁོང་ལུས་རྩལ་ལ་དགའ་པོ་ཡོད་པ་ལས་དོན་པས་ཤེས་ནས་ཧྲེན་དབྱང་གྲོང་ཁྱེར་དབང་སྐྱོན་ལྷན་ཚོགས་ལ་འོས་སྦྱོར་བྱས་པརེད།
         རྔུལ་ཆུ་དང་སྡུག་རུས་ལས་དགའ་འོས་པའི་གྲུབ་འབྲས་ཐོབ་པ་སྟེ། 2007ལོའི་ཟླ་5པར། ཡུན་ནན་ཁུན་མིང་དུ་འཚོགས་པའི་རྒྱལ་ཡོངས་ཀྱི་སྐབས་བདུན་པའི་དབང་སྐྱོན་ལུས་རྩལ་འགྲན་ཚོགས་ཐོག་ཀྲེན་ཅིན་གྱིས་མཱ་ལཱ་སུང་རྒྱང་རྒྱུག་འགྲན་བསྡུར་གྱི་ཨང་གཉིས་པ་བླངས་པ་དང་། 2014ལོའི་རེན་ཁྲོན་གྱི་ཨེ་ཤེ་ཡའི་དབང་སྐྱོན་ལུས་རྩལ་འགྲན་ཚོགས་ཐོག་བུད་མེད་ཀྱི་T11རིམ་པའི་སྨི་1500ཡི་ཨང་དང་པོ་ཐོབ་པ། 2015ལོར་ཁ་ཐར་གྱི་ཏོ་ཧར་གཉེར་བའི་འཛམ་གླིང་དབང་སྐྱོན་མཆོང་རྒྱུག་འཕེན་གསུམ་གྱི་ལེགས་སྐྱེས་འགྲན་བསྡུར་ཐོག་སླར་ཡང་T11རིམ་པའི་སྨི་1500ཡི་རྣམ་གྲངས་ཀྱི་གསེར་གྱི་རྟགས་མ་ཐོབ་པ་བཅས་དངོས་གནས་འབྲས་བཟང་བསྟུད་མར་ཐོབ་པ་རང་ལགས།
         དབྱིན་ཇིའི་《སྲུང་སྐྱོང་ཚགས་པར་》ཐོག“མི་རྣམས་ཡིད་སྨོན་སྐྱེ་འོས་པའི་འབྲས་བཟང་། རླབས་ཆེ་བའི་ཀྲུང་གོའི་བུ་མོ”ཞེས་ལོན་ཏོན་མཱ་ལཱ་སུང་རྒྱང་རྒྱུག་འགྲན་བསྡུར་ཐོག་གི་ཀྲེན་ཅིན་ལ་དཔྱད་གཏམ་སྤེལ། ཐེངས་འདིར་ཀྲེན་ཅིན་གྱིས་སླར་ཡང་ཀྲུང་གོའི་དབང་སྐྱོན་དང་ཀྲུང་གོའི་ལུས་རྩལ་ལ་གཟི་བརྗིད་མཚན་སྙན་བརྩོན་ལེན་བྱས་པ་དང་སྦྲགས། ད་ལོའི་ཟླ་9པར་པར་ཙིར་ལི་གཡོད་རེ་ནེ་ལུའུ་ཡི་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ལ་ཞུགས་ཆོག་པའི་འོས་བབ་ཐོབ་སྟེ། དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་མཱ་ལཱ་སུང་རྒྱང་རྒྱུག་འགྲན་བསྡུར་གྱི་འོས་བབ་ཐོབ་པའི་ཀྲུང་གོའི་བུད་མེད་བདམས་ཐོན་པ་ཨང་དང་པོར་གྱུར།
      

    ཕྱོགས་བསྡུས་གསར་འགྱུར།