དམར་གཙང་འཕེལ་སྒྱུར་སྡེ་ཚན་གྱིས་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་རིང་དམངས་ལ་ཞབས་འདེགས་ཞུ་བའི་ཐོག་མའི་བསམ་འདུན་ལག་བསྟར་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་དང་སློབ་གསོའི་བྱེད་སྒོ་སྤེལ་བ་ནས་བཟུང་། མཚོ་ཤར་གྲོང་ཁྱེར་དམར་གཙང་ཁུལ་འཕེལ་རྒྱས་དང་སྒྱུར་བཅོས་ཅུའུ་ཡིས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་དམངས་ཚིས་དོན་དངོས་ལ་དམིགས་ཏེ། ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་སློབ་གསོ་དང་གཞི་རིམ་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་ཟུང་འབྲེལ་བྱས་ནས། ཧུར་ཐག་སྒོས་མང་ཚོགས་ལ་བྱ་བ་སྔར་བས་ཡག་པོར་སྒྲུབ་པ་དང་། བྱ་བ་དངོས་སྒྲུབ་པ། དཀའ་གནད་སེལ་བ་བཅས། ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་སློབ་གསོའི་གྲུབ་འབྲས་དེ་དམངས་ལ་ཞབས་འདེགས་ཞུ་བའི་ཞིབ་ཕྲའི་ལག་ལེན་ཁྲོད་ཏན་ཏིག་ལག་ལེན་དུ་བཏབ།

ཉེ་ཆར། དམར་གཙང་ཁུལ་འཕེལ་སྒྱུར་ཅུའུ་ཡི་ཏང་ཀྲི་པུའི་ཏང་ཡོན་ཁག་གཅིག་དམར་གཙང་ཁུལ་སན་ཧོ་གྲོང་རྡལ་ཞིན་ཨན་གྲོང་ཚོའི་ཞིང་ཁར་བསྐྱོད་ནས། ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱི་རིན་གོང་མ་གནས་ལྟ་ཞིབ་ཚད་ལེན་ཁང་གི་མི་སྣ་གདན་དྲངས་ཏེ། དཔྱིད་རྨོད་འདེབས་འཛུགས་མ་གནས་ཀྱི་རིན་གོང་བརྟག་ཞིབ་བྱས་པ་དང་འབྲེལ་ཡུལ་དེའི་མང་ཚོགས་ལ་ཞིང་ལས་ཐོན་སྐྱེད་རྒྱུ་ཆ་སྐྱེལ་འདྲེན་ཞབས་ཞུ་བྱས་ནས། སྤུས་ལེགས་དང་ཡིད་ཆེས་བྱས་ཆོག་པའི་ཞིང་ལས་རྒྱུ་ཆ་གྲོང་གསེབ་ཏུ་བསྐྱལ་ཏེ་མང་ཚོགས་ཀྱི་དཔྱིད་རྨོད་ལ་ཞབས་ཞུ་བྱས། ལྗོངས་འཕེལ་སྒྱུར་ཅུའུ་ཡི་ཏང་ཡོན་ཁག་གཅིག་གིས་ད་དུང་ཞིང་གར་ཡུལ་དེའི་མང་ཚོགས་ལ་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་སྒྲོག་བཤད་བྱས་པ་དང་། ཏང་གི་ལོ་རྒྱུས་ཀྱི་སློབ་སྦྱོང་དང་སློབ་གསོ་སྤེལ་ཞིང་། ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་དང་རྗེས་ཕྱོགས་གྲོང་གསེབ་དར་རྒྱས་དང་དེ་བཞིན2035ལོའི་རྒྱང་རིང་བའི་དམིགས་ཚད་འགྲེལ་བཤད་བརྒྱབ་པ་རེད།

བྱེད་སྒོ་སྤེལ་ཡུལ་དུ། ཆེད་སྤྱོད་རྫས་འགྱུར་ལུད་བླུགས་པའི་རླངས་འཁོར་གྱི་སྔོན་དུ། ལྗོངས་འཕེལ་སྒྱུར་ཅུའུ་ཡི་ཏང་ཡོན་གྱིས་དྲིལ་སྒྲོག་ཤོག་བྱང་སྤྲོད་པ་དང་ཡུལ་དངོས་སུ་འགྲེལ་བཤད་རྒྱག་པ་སོགས་ཀྱི་བྱ་ཐབས་སྤྱད་དེ། མང་ཚོགས་ལ་ཚན་རིག་དང་མཐུན་པའི་ངང་ལུད་རྒྱག་རྒྱུ་དང་རྫུན་ལྷད་ཞན་གསུམ་གྱི་ལུད་རྫས་དབྱེ་འབྱེད་བྱེད་ཐབས་ཀྱི་ཤེས་བྱ་དྲིལ་སྒྲོག་བྱས་ནས། མང་ཚོགས་ཀྱིས་གོ་སླ་བའི་སྐད་ཆ་དང་བྱ་ཐབས་སྤྱད་དེ། ཞིང་ཕན་སྲིད་ཇུས་གསར་ཤོས་མང་ཚོགས་ཀྱི་སེམས་ནང་བཞག་ནས་ཞིང་ལས་ལག་རྩལ་མང་ཚོགས་ལ་ཁྱབ་གདལ་བཏང་། དེ་བཞིན་མང་ཚོགས་ལ་ཧུར་ཐག་སྒོས་སྲིད་ཇུས་ལ་སློབ་སྦྱོང་བྱས་ནས་སྲིད་ཇུས་ཤེས་པ་དང་ལག་རྩལ་ལ་བརྟེན་ནས་ལག་རྩལ་ཤེས་པ་བྱ་རྒྱུའི་ཁྲིད་སྟོན་བྱས་པ་རེད།

ཞིན་ཨན་གྲོང་ཚོའི་གྲོང་མི་ཡན་ཧུའུ་ཡིས་བཤད་རྒྱུར། “སྔོན་ཆད་ཞིང་ལས་འདེབས་འཛུགས་དག་ཉམས་མྱོང་ལ་བརྟེན་གྱི་ཡོད། དེ་རིང་ཡུལ་དངོས་སུ་སློབ་སྦྱོང་བྱས་པ་བརྒྱུད་དེ། ངས་དོ་དམ་ལག་རྩལ་མང་པོ་དང་ཁྱད་ལྡན་འདེབས་འཛུགས་ལས་རིགས་ཀྱི་ཁྲོམ་རའི་མདུན་ལམ་ཤེས་བྱུང་བས་འདེབས་འཛུགས་ལས་རིགས་འཕེལ་རྒྱས་གཏོང་བའི་ཡིད་ཆེས་ཀྱང་ཆེ་རུ་ཕྱིན་སོང”ཞེས་བཤད།

“ལས་རིམ་རྗེས་མར། ང་ཚོས་ལག་ལེན་དངོས་བརྒྱུད་དེ་་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་སློབ་གསོའི་བྱེད་སྒོ་ནན་ཏན་ངང་སྤེལ་བ་དང་། མིག་སྔའི་གཙོ་གནད་དང་ཟུང་འབྲེལ་བྱས་ཏེ་དཔྱིད་རྨོད་བཡ་བར་ཞབས་འདེགས་ཡག་པོ་ཞུས་ནས་མང་ཚོགས་ཀྱི་ཞིང་ལས་རྒྱུ་ཆའི་རིན་གོང་འགན་ལེན་ཐུབ་པ་བྱ་རྒྱུ་ཡིན། ཞིང་ལས་རྒྱུ་ཆའི་རིན་གོང་རྫུན་བཟོའི་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ནས། མང་ཚོགས་ཀྱི་དངུལ་ཁུག་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ཡིན” ཅེས་བདེ་འཇགས་ཁུལ་འཕེལ་སྒྱུར་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་བས་བཤད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།