ཁྲེན་ཇོན་གོ་ཡིས་ལྷ་སར་དམངས་སྲིད་པུའི་པུའུ་ཀྲང་ལིའི་ལིད་གོའོ་བཅས་པ་དང་མཇལ་འཛོམས་གནང་བ།

  སྤྱི་ཚེས6ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཇོན་གོ་ཡིས་ལྷ་སར་དམངས་སྲིད་པུའི་པུའུ་ཀྲང་ལིའི་ལིད་གོའོ་བཅས་པ་དང་མཇལ་འཛོམས་གནང་བ་རེད། ཁྲེན་ཇོན་གོ་ཡིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་གནང་ནས་ལིའི་ལིད་གོ་དང་བཅས་པ་བོད་དུ་བརྟག་ཞིབ་མཛུབ་ཁྲིད་གནང་བར་ཕེབས་པར་དགའ་བསུ་ཞུས་པ་དང་། རྒྱལ་ཁབ་དམངས་སྲིད་པུས་ཡུན་རིང་ནང་བོད་ཀྱི་གོང་འཕེལ་བརྟན་ལྷིང་གི་ལས་དོན་ཁག་ལ་ཤུགས་ཆེའི་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་བརྗེ་ཆེ་ཞུས་གནང་རེད།

  ཁྲེན་ཇོན་གོ་ཡིས་ལོ་འདི་ཤར་བའི་ཚུན་དུ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། གསར་འབྱེད་ཡར་བརྩོན་དང་དངོས་འཛིན་དངོས་སྒྲུབ་ཀྱི་ཐོག་ནས་ཚན་རིག་དང་མཐུན་པའི་གོང་འཕེལ་དང་ཞི་མཐུན་བརྟན་ལྷིང༌། མི་རིགས་མཐུན་སྒྲིལ། དམངས་འཚོ་ལེགས་བཅོས། ཆོས་ལུགས་འཆམ་མཐུན་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་ཡོད་ཅེས་གསུངས་པ་རེད།

  ཁྲེན་ཇོན་གོ་ཡིས་སྤྱི་ལོ2020ལོར་སླེབས་དུས་བོད་ལྗོངས་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་རྒྱུ་དེ་ནི། བློ་མཐུན་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་བཅོལ་བའི་ཐུགས་རེ་ནན་པོ་ཞིག་ཡིན་པས། ང་ཚོས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་བོད་ཀྱི་ཁྱད་ཆོས་ལྡན་པའི་གོང་འཕེལ་ལམ་བུའི་ཐོག་བསྐྱོད་ནས། མཆོངས་སྐྱོད་ལྟ་བུའི་གོང་འཕེལ་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང༌། རྒྱུན་མཐུད་བརྟན་ལྷིང་དང་ཡུན་རིང་བརྟན་ལྷིང༌། ཕྱོགས་ཡོངས་བརྟན་ལྷིང་བཅས་མངོན་འགྱུར་ཡོང་རྒྱུར་འབད་བརྩོན་ལྷོད་མེད་བྱེད་རྒྱུ་རེད།

  དམངས་སྲིད་པུས་སྔར་རྒྱུན་བཞིན་བོད་ལ་མཐོང་ཆེན་དང་བོད་ལ་རྒྱབ་སྐྱོར་གནང་ནས་བོད་ལྗོངས་མཆོངས་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་འདེགས་སྐྱོར་ནུས་ལྡན་མཁོ་འདོན་གནང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

  ལིའི་ལིད་གོ་ཡིས་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་ཚོགས་ཚུན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བོད་ལྗོངས་སྐྱོང་བའི་ཀྲུང་དབྱང་གི་མཛད་ཕྱོགས་ལག་བསྟར་གཏིང་ཟབ་བྱེད་པ་དང༌། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་བསམ་ཕྱོགས་གསར་པ་དང་བྱ་ཐབས་ནུས་ལྡན། ཕན་འབྲས་ལེགས་པ་བཅས་ཀྱི་དེང་སྐབས་ལ་དོ་དམ་དང་ཡུན་རིང་ལ་ཕན་པའི་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་བཏོན་ཡོད་པ་རེད།དམངས་སྲིད་པུས་ནུས་ཤུགས་ཡོད་རྒུས་བོད་སྐྱོར་ལས་དོན་ཡག་པོ་སྒྲུབ་པ་དང་། བོད་ཀྱི་གོང་འཕེལ་དང་བརྟན་ལྷིང་དང༌། ལྷག་པར་དུ་དམངས་སྲིད་ལས་ཀར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། སྤྱི་ལོ ༢༠༢༠ ལོར་སླེབས་སྐབས་བོད་ཀྱིས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ཐུབ་པ་བྱེད་རྒྱུར་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།