ཅུང་གར་བའི་སྟོབས་ཤུགས་བོད་དུ་སླེབས་ཚུལ་སྐོར།

རྩོམ་པ་པོ།:མཚོ་སྔོན་པོ་དྲ་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-02-14 09:06:00 ཀློག་གྲངས།:
          དེ་ནས་ཅུང་གར་བས་བོད་ཀྱི་ཆོས་སྲིད་དབང་ཆ་ཐམས་ཅད་བཙན་བཟུང་གིས་སྟག་རྩེ་ཞབས་དྲུབ་ལྷ་རྒྱལ་རབ་བརྟན་བྱ་བ་བོད་ཀྱི་སྲིད་སྐྱོང་དུ་སྡེ་སྲིད་ཀྱི་ཁྲིར་བསྐོས་ཤིང་།  ལྷ་བཟང་ཧན་གྱི་ཕྱོགས་གཏོགས་རྣམས་བསད་བཟུང་བཀྱིག་གསུམ་གྱིས་ཁྲིམས་ལ་སྦྱར།  ཅུང་གར་བས་ཡོངས་སུ་ལོ་ངོ་གསུམ་ཙམ་རིང་བོད་ལ་དབང་བསྒྱུར་བྱས་ཤིང་དེའི་རིང་གཙོ་བོ་རྙིང་མའི་གྲུབ་མཐའ་དང་རྙིང་དགོན་ལ་ཤིན་ཏུ་འཚེ་བར་བྱས་པར་མ་ཟད།  སྨིན་གྲོལ་ལོ་ཆེན་སོགས་གསང་སྔགས་རྙིང་མའི་སྐྱེས་ཆེན་དམ་པ་དང་བསྟན་པའི་སྦྱིན་བདག་ཀྱང་མང་པོ་ཞིག་སྐུ་བཀྲོངས་ཤིང་།  ཐ་ན་ཕྱིན་ཆད་དགེ་ལུགས་པ་ཁོ་ན་ལས་རྙིང་ཕྱོགས་འཛིན་མི་རུང་ཚུལ་བཅས་ཀྱི་ཁྲིམས་ཀྱང་བསྒྲགས་པར་བཤད།  ཡང་སེ་འབྲས་དགེ་གསུམ་དང་བཀྲ་ཤིས་ལྷུན་པོ་ཉེ་འཁོར་གྱི་གྲོང་སྡེ་རྣམས་མཐར་འདེད་བྱས་པ་སོགས་བྱེད་ལས་སྣ་ཚོགས་སྤེལ་འདུག   དེ་སྔོན་ལྷ་བཟང་ཧན་ནས་གདན་དྲངས་བའི་པད་དཀར་འཛིན་པའང་རྒྱལ་བའི་ཁྲི་ལས་ཕབ་སྟེ་ལྕགས་པོ་རིར་དོ་དམ་བྱས་ཤིང་དུས་ཕྱིས་ཁོང་མེས་རྒྱལ་ནང་ཁུལ་དུ་གདན་དྲངས་པར་བཤད་དོ།།
          དེ་ལྟར་ཅུང་གར་བའི་དཔུང་དམག་རྣམས་བོད་དུ་ཐོག་མར་སླེབས་དུས་དགོས་མཁོའི་ཆེད་དུ་བོད་སེར་སྐྱ་མང་ཚོགས་དང་མཐུན་ཐབས་ཁོ་ན་བྱས་ཀྱང་རྒྱལ་བོ་ལྷ་བཟང་རྩ་མེད་བཟོས་ཏེ་བོད་ཀྱི་སྲིད་དབང་ཕྲོགས་རྗེས།  རིམ་གྱིས་བཙན་འཛུལ་པ་དང་ཀླ་ཀློའི་དཔུང་གི་རང་བཞིན་གསལ་བོར་མངོན་ཏེ་ཚུལ་མིན་གྱི་བཙན་ཤེལ་དང་མཐར་གཅོད་ཅི་རིགས་བྱེད་བཞིན་ཡོད་སྟབས་བོད་འབངས་བྱིངས་འཁོན་འགྲས་ཇེ་ཆེར་གྱུར་པར་མ་ཟད། ཁྱད་པར་དུ་བོད་ས་གནས་དཔོན་རིགས་ཁག་གིས་ཀྱང་མ་རུངས་ཅུང་གར་དགྲ་བོའི་གཉའ་གནོན་མ་བཟོད་དེ་རྒོལ་ལན་མཐར་སྐྲོད་གཏོང་བའི་ཐབས་ལམ་སྣ་ཚོགས་སྤེལ་བཞིན་ཡོད།  ཡང་དེའི་ཚེ་གོང་མ་ཁང་ཞི་ཆེན་པོས་ཀྱང་ཅུང་གར་བའི་སྟོབས་ཤུགས་དེ་བོད་ནས་མཐར་སྐྲོད་མ་བཏང་ཚེ་བོད་ལ་བདེ་འཇགས་མེད་པའི་མི་ཚད།  རྒྱལ་ནང་དུའང་དུས་བདེ་མི་ཡོང་བར་བརྟེན་རང་གི་སྲས་བཅུ་བཞི་བ་ཅང་ཅུན་ཏེ་དམག་དཔོན་ཆེན་པོར་བསྐོས་ཏེ་དཔུང་ཚོགས་ཤར་བྱང་ལམ་ཁག་གཉིས་སུ་བགོས་ཏེ་བོད་ལ་དཔུང་འཇུག་བྱས།  དེ་ནས་ཤར་དམག་རྣམས་དར་རྩེ་མདོ་བརྒྱུད་མདོ་སྟོད་ནས་བོད་ལ་བསྐྱོད་ཅིང་བྱང་དམག་རྣམས་མཚོ་ཁའི་སྦྱིན་བདག་དཔོན་རིགས་དང་བཅས་རྒྱལ་དབང་བདུན་པ་དབུས་སུ་ཕེབས་སྐྱེལ་དང་བསྟུན་མདོ་སྨད་ནས་ནག་ཆུ་བརྒྱུད་ལྷ་སར་བསྐྱོད་པར་བྱས།  དེའི་ཚེ་ཅུང་གར་བས་གོང་མའི་དཔུང་ཚོགས་གཏོས་ཆེ་བ་བོད་དུ་རིམ་འབྱོར་ཡོད་པ་ཐོས་འཕྲལ་དམག་དཔོན་དྲག་རིགས་ནས་བོད་གཞུང་གི་རིན་ཆེན་རྒྱན་ཆ་བྱ་བ་གཙོས་པའི་རྒྱུ་ནོར་རྩ་ཆེན་དང་རྩེ་ཕོ་བྲང་གི་ལོ་ཀེ་ཤ་ར་གཙོས་པའི་ལྷ་རྟེན་འགངས་ཆེན་རྣམས་ཁྱེར་ཏེ་སྟོད་མངའ་རིས་བརྒྱུད་ཕྱིར་ལོག་བྱེད་སྐབས།  སྐོར་གསུམ་སྤྱི་ཁྱབ་ཁང་ཆེན་པ་ནས་བསླུ་ཐབས་ལ་བརྟེན་ཅུང་དམག་གཙོ་དྲག་ཕལ་ཆེར་རྨེག་མེད་དུ་བཏང་མཐར་རྒྱུ་ནོར་རྟེན་གསུམ་ལ་སོགས་པ་གཞུང་སར་ཕྱིར་འབུལ་བཅས་བྱས་རྗེས་ཆེ་བ་བཞག་ཅིང་།  ཡང་གཙང་ཕྱོགས་སུ་ཕོ་ལྷ་བ་སྔར་ཅུང་གར་བས་བཟུང་སྐབས་སྡེ་བ་སྟག་རྩེས་ངོ་ཆེན་ཞུས་ཏེ་སྲོག་ཉེས་མ་བྱུང་ཁར་རང་གི་ཐབས་ནུས་ལ་བརྟེན་ནས་གཉའ་ནང་རྫོང་གི་དཔོན་གནས་ཐོབ་པ་བཅས་ཀྱིས་གཙང་ཁུལ་དུ་རང་གི་སྟོབས་ཤུགས་སྤེལ་ཞིང་།  དེ་མཚུངས་ཅུང་གར་བར་འཁོན་ལན་སློག་ཕྱིར་ཁང་ཆེན་པ་དང་མཉམ་འབྲེལ་གྱིས་རྒོལ་བ་མཐའ་གཅིག་ཏུ་བྱས་ནས་གཙང་གི་བདག་པོ་བྱས།  དེ་བཞིན་དབུས་ཕྱོགས་སུ་ང་ཕོད་པ་རྡོ་རྗེ་རྒྱལ་པོ་དང་ལུམ་པ་བ་བཀྲ་ཤིས་རྒྱལ་པོ་བཅས་ཀྱིས་ཀྱང་མདོ་ཁམས་ཕྱོགས་སུ་རྒྱལ་བ་སྐུ་ཕྲེང་བདུན་པ་ཕེབས་བསུ་དང་བསྟུན་གོང་མའི་དཔུང་ཚོགས་དང་འབྲེལ་གཏུག་གིས་ཅུང་གར་བར་རྒོལ་ལན་སྤྲོད་པ་བཅས་མདོར་ན་སྟོད་དབུས་གཙང་གསུམ་གྱི་བོད་ས་གནས་དཔོན་རིགས་ཀྱིས་ཅུང་གར་བར་རྒོལ་ལན་དྲག་པོ་བརྒྱབ་ཐོག   སྨད་ཕྱོགས་ནས་གོང་མའི་དཔུང་ཚོགས་ཀྱི་ཟིལ་ཤུགས་བཅས་ལ་བརྟེན་ནས་རབ་བྱུང་བཅུ་གཉིས་བའི་ལྕགས་བྱི་སྤྱི་ལོ1720ལ་ཅུང་གར་སྟོབས་ཤུགས་བོད་ནས་མཐར་སྐྲོད་རྩ་མེད་བཏང་ཞིང་དེ་ནས་བཟུང་སོག་པོའི་དཔུང་ཤུགས་བོད་དུ་མེད་པར་གྱུར་ལ།  བོད་ཀྱི་དཔུང་ཤུགས་རྟེན་ཡུལ་གཙོ་བོ་ཆིང་གོང་མ་དང་དཔོན་རིགས་མན་ཇུའི་རྒྱལ་བློན་གཙོ་བོ་བྱུང་ངོ་།།

 

 

 

 

 

 

 

 

 

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།