ཀུ་ཤུའིiOS 7གནས་ཚུལ་ཐོན་འདུག

  2013 WWDC ཀུ་ཤུའི་འཛམ་གླིང་ཐོན་འབྱེད་པའི་ཚོགས་ཆེན་དེ་པེ་ཅིང་གི་དུས་ཚོས་སྤྱི་ཟླ 6 པའི་ཚེས11 ཉིན་གྱི་ཞོགས་པའི་དུས་ཚོད 1:00 སྟེང་དུ་ཨ་མེ་རི་ཁའི San Francisco གྲོང་ཁྱེར་གྱི Moscone Center West ནས་བསྡུས་པ་དང་། ཚོགས་ཐོག་ནས་ཁ་པར་མ་ལག་iOSཐོན་རིམ་བདུན་པ་ཁྱབ་བསྒྲགས་བྱས། ཚང་མས་ཤེས་གསལ་ལྟར་ད་ལྟ་སྤྱོད་བཞིན་པའི་མ་ལག་ཆེས་གསར་ཤོས་ནི་ཐོན་རིམ་དྲུག་པ་ཡིན་ཞིང་ཀུ་ཤུའིཛiPhone 5སོགས་ཀྱི་སྟེང་དུ་སྤྱོད་བཞིན་ཡོད།

 

  iOS 7སྟེང་བྱེད་ནུས་མང་པོ་གསར་དུ་བསྣན་ཡོད་ལ་ཕྱིའི་རྣམ་པའི་ཆ་ནས་ཀྱང་འགྱུར་བ་ཆེན་པོ་བཏང་འདུག བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བའི་གསར་འགོད་པ་ཐེ་བྲག་བསྟན་པས་བཤད་པ་ལྟར་ན་ཐོན་རིམ་གསར་པའི་སྟེང་དུ། "སྟངས་འཛིན་ལྟེ་གནས།" "དྲན་སྐུལ་ལྟེ་གནས།" "འགན་མང་མཉམ་སྒྲུབ།" སོགས་ནུས་པ་གསར་པ་མང་བོ་མནན་ཡོད་པ་མ་ཟད། ཕྱིའི་རྣམ་པའི་སྟེང་ལའང་འགྱུར་བ་ཆེན་པོ་བཏང་ཡོད་དེ། སྔོན་ཆད་ཀྱི་བེད་སྤྱོད་མཉེན་ཆས་མཚོན་རྟགས་འབུར་གཟུགས་ཅན་རྣམས་ཐོན་རིམ་བདུན་པའི་ནང་དུ་ལེབ་མོར་བསྒྱུར་ཡོད་ལ། དེ་མིན་བཟོ་ལྟ་དང་རྣམ་པ་མང་བོ་ཞིག་སྟབས་ཇེ་བདེར་བཏང་ཡོད།

  ཤེས་པའི་གནས་ཚུལ་ལྟར་ན། མ་ལག་འདི་ད་ལོའི་སྟོན་ཁར་ཁྲོམ་ལ་སླེབས་རྒྱུ་རེད།

  ད་ཐེངས་ཀུ་ཤུའི་མཉེན་ཆས་གསར་བཟོ་པའི་ཚོགས་འདུའི་སྟེང་དུ་གློག་ཀླད་མ་ལག་གསར་པ་གསལ་བསྒྲགས་བྱེད་ཀྱི་ཡོད་ལ། ད་དུང་མཁྲེགས་ཆས་གསར་པའང་གསལ་བསྒྲགས་བྱེད་བཞིན་ཡོད།

  ཟུར་བཀོད་ཐུང་ངུ།

  རྒྱུས་ལོན་བྱས་པ་ལྟར་ན་མ་ལག་གསར་པ་འདིའི་ནང་དུ་བོད་ཡིག་གཏག་ཐབས་ལ་སྐྱོན་ཤོར་ཡོད་པ་འདྲ། དཔེར་ན་འཕྲིན་ཐུང་དང་བརྗེད་ཐོ་སོགས་འབྲི་སྐབས་བོད་ཡིག་རྒྱུན་ལྡན་ལྟར་གཏག་ཐབས་མེད་པ་དང་། གཞན་པའི་མཉེན་ཆས་དཔེར་ན་སྐད་འཕྲིན་ལྟ་བུའི་ནང་དུ་ཡང་ཡི་གེ་ལྷག་མ་འབྱུང་བའི་སྣང་ཚུལ་ཞིག་འདུག འདིའི་ཕྱོགས་ནས་གནས་ཚུལ་མཁྱེན་མཁན་ཡོད་ན་ངེད་དྲ་བར་འབྲེལ་གཏུགས་བྱེད་རྒྱུ་གལ།