ཡིད་ལ་བཏེགས་པའི་བྱམས་པ།

ཉི་ཚེ།        2018-04-10

ལམ་གྱི་སྐྱ་ཐིག་འཐེན་པའི།།

རི་བོའི་འཕྲེད་གཞུང་ངོས་ན།།

གཡང་དཀར་གཟས་ལ་ཡན་པའི།།

ལུག་རྫི་རི་ལ་བཅོལ་ཡོད།།


དབུགས་ཀྱི་སྣེ་ལ་གླན་པའི།།

རང་བྱུང་ཚིག་གི་ལོ་མ།།

མཚོ་མོའི་འཇིངས་ལ་བྱན་ཏེ།།

ཀླུ་ཡི་གཉན་ཚིག་བྲིས་ཡོད།།


ལས་ཀྱི་མཐའ་ལ་འབྱར་བའི།།

རྩིག་ངོར་འཐུམ་པའི་ཞེ་དྲོ།།

མིག་ཟུང་གེམ་གེམ་འགུལ་བའི།།

མཛངས་མ་འབྲོག་མོ་གཅིག་ཡིན།།


འབྲི་མོའི་བཞོ་དབྱངས་འགུག་དུས།།

རྐྱ་མི་རི་ནས་ཕབས་ངེས།།

མིག་ལས་ཆགས་སྲེད་ལྡང་ན།།

ལང་ཚོའི་མེ་ཏོག་འཐུ་སྲིད།།


  • ལེ་ཚན་སྔོན་མ།:ཟླ་འོད་འོག་གི་ཆུ་ཚན།
  • ལེ་ཚན་རྗེས་མ།:ལས་ཀྱི་བུ་ལོན་ཨེ་རེད།