ཕྱི་བལྟས་མིག་ལ་མཛེས་པའི་འདབ་ཆགས་ཏེ་བྱ་ནེ་ཙོ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-12-27 09:29:00 ཀློག་གྲངས།:

ཕྱི་བལྟས་མིག་ལ་མཛེས་པའི་འདབ་ཆགས་ཏེ་བྱ་ནེ་ཙོ།

ནེ་ཙོ།  绯胸鹦鹉  Red-breasted Parakeet

གཟུགས་གཞིའི་ཁྱད་ཆོས།
     ནེ་ཙོའི་གཟུགས་ཀྱི་རིང་ཚད་ལ་ལི་སྨིས30ནས་ལི་སྨིས40ཡོད་པ་དང་། མགོ་བོ་སྒོར་སྒོར་ཡིན་ལ་ཁ་ཤེད་ཧ་ཅང་ཆེ། བྱ་ནེ་ཙོའི་ཡ་མཆུ་མར་གུག་ཅིང་མ་མཆུ་ཡར་མར་དང་གཡས་གཡོན་དུ་འགུལ་སྐྱོད་བྱ་ཐུབ། ལུས་སྟོད་འོད་སྣང་འཚེར་བའི་སྒྲོ་ལྗང་གིས་ཁེབས་ཡོད། རྔ་སྒྲོ་ཕྲ་ཞིང་བར་དཀྱིལ་གྱི་རྔ་སྒྲོ་ཤིན་ཏུ་རིང་། འགྲམ་པའི་འོག་རོལ་ན་ཐིག་རིས་ནག་པོ་ཆེན་པོ་རེ་ཡོད། བྲང་ངོས་དང་གསུས་སྟོད་ཁམ་སྐྱ་ཡིན་པ་དང་། གསུས་སྨད་ནས་རྔ་སྒྲོའི་འོག་གི་སྒྲོ་མདོག་ནི་ལྗང་སྐྱ་ཡིན། ནེ་ཙོ་ཕོ་མོ་གང་ཡིན་རུང་གཟུགས་གཞིའི་ཁྱད་ཆོས་གཅིག་མཚུངས་ཡིན།
ཁྱབ་ཡུལ།
     བྱ་ནེ་ཙོ་ནི་བོད་ལྗོངས་ཀྱི་རྒྱ་མདའ་དང་ཆབ་མདོ། སྤོ་བོ། ཉིང་ཁྲི། སྨིན་གླིང་སོགས་ན་ཡོད་པར་མ་ཟད། རང་རྒྱལ་གྱི་ཡུན་ནན་ཞིང་ཆེན་དང་ཀོང་ཏུང་ཞིང་ཆེན། ཀོང་ཞི་རང་སྐྱོང་ལྗོངས། ཧེ་ནན་ཞིང་ཆེན་བཅས་ནའང་ཡོད།
འཚོ་བའི་གོམས་གཤིས་དང་འཚོ་གནས་ཁོར་ཡུག
     བྱ་ནེ་ཙོ་ནི་མཚོ་ངོས་ལས་སྨིས2000ནས་སྨིས3500བར་གྱི་གསོམ་ནགས་སམ་གསོམ་ནགས་དང་ཆ་འདྲ་བའི་ནགས་ཚལ་དུ་འཚོ་སྡོད་བྱེད་པ་ཡིན། བྱ་ནེ་ཙོས་ནངས་དགོང་ལ་ཁ་ཟས་བཙལ་བ་དང་ཉིན་གུང་སྡོང་མགོ་རུ་ངལ་གསོ་བ་ཡིན། བྱ་ནེ་ཙོ་ལ་འཕུར་རྩལ་ལྡན་ཞིང་། སྡོང་མགོར་འགོ་མཁས་པ་ཞིག་ཡིན་པར་མ་ཟད། ཁྱུ་དང་ཁྱུ་བྱས་ནས་འཚོ་སྡོད་བྱེད་པའི་འདབ་ཆགས་ཀྱི་རིགས་ཤིག་ཡིན། ཁ་ཟས་སུ་ནགས་སིལ་དང་རྩི་ཤིང་གི་མྱུ་གུ་སྤྱོད་ཅིང་། མཚམས་ལན་རེར་སིལ་ར་དང་ཞིང་བར་ལའང་ཁ་ཟས་བཙལ་དུ་འགྲོ་བ་ཡིན། ཟླ5བ་ནས་ཟླ6པའི་ནང་ནི་བྱ་ནེ་ཙོའི་སྐྱེ་འཕེལ་བྱེད་པའི་དུས་ཡིན། བྱ་ཚང་ནགས་མགོའི་སྡོང་ཁུང་ངམ་བྲག་སྲུབས་སོགས་སུ་བཟོ་བ་དང་། བྱ་སྒོང3ནས5བཏང་རྗེས་རུམ་པ་ཡིན་ལ། བྱ་སྒོང་དཀར་པོ་ཡིན།
སྲུང་སྐྱོབ་བྱེད་པའི་དོན་སྙིང་།
     བྱ་ནེ་ཙོ་ནི་ཕྱི་བལྟས་མིག་ལ་མཛེས་པའི་བྱ་ཡག་པོ་ཞིག་ཡིན་པས། རི་དྭགས་ཁང་སོགས་སུ་འགྲེམ་སྟོན་བྱས་ན་ཆེས་དགའ་བསུ་འཐོབ་པའི་འདབ་ཆགས་ཀྱི་རིགས་ཤིག་ཡིན།
ད་ཡོད་གནས་བབ།
     འགྲོ་བ་མིའི་རིགས་ཀྱིས་ནགས་ཙལ་གང་འདོད་དུ་བཅད་པ་དང་། ནམ་ཟླ་དང་རང་བྱུང་ཁོར་ཡུག་ཐུ་བའི་དབང་གིས་བྱ་ནེ་ཙོའི་རིགས་རྒྱུད་འཕེལ་ཚད་ཤིན་ཏུ་དལ་བ་རེད།
     བྱ་ནེ་ཙོ་ནི་རང་རྒྱལ་གྱི་གལ་གནད་དུ་བཟུང་སྟེ་སྲུང་སྐྱོབ་བྱ་དགོས་པའི་རི་སྐྱེས་སྲོག་ཆགས་ཨང་རིམ་གཉིས་པར་གྱུར་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།