མངའ་བདག་ཁྲི་རལ་གྱི་སྐབས་དགེ་འདུན་པས་སེར་སྐྱ་མང་ཚོགས་ལ་སྡུག་བསྔལ་སྦྱར་ཡོད་མེད་སྐོར།

  དྲི་བ།(བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོའི་ཤིས་ཚང་གཡུ་ཁྲི) སངས་རྒྱས་ཆོས་ལུགས་ཀྱི་དམིགས་ཡུལ་ནི་གང་ཟག་སྡུག་བསྔལ་ལས་སྐྱོབ་རྒྱུ་དེ་ཡིན། དེ་འདྲ་ཡིན་ན་མངའ་བདག་ཁྲི་རལ་གྱི་སྐབས་སུ་ཆོས་ཀྱི་སྙིང་བོ་འཛིན་སྐྱོང་སྤེལ་གསུམ་གྱི་དགེ་འདུན་པ་རྣམས་ཀྱིས་བོད་སེར་སྐྱ་མང་ཚོགས་ལ་སྡུག་བསྔལ་གྱི་གཉའ་ཤིང་འཁུར་དུ་བཅུག་པ་དེ་ནི་ལོ་རྒྱུས་ལས་དངོས་དོན་བདེན་ཐོག་རེད། འོ་ན་ཁྱེད་དགེ་འདུན་པ་རྣམས་ཀྱིས་དེ་ལ་ཇི་ལྟར་འགྲེལ་ལམ།

  ལན།(ཤེས་རབ་བསྟན་དར་རམ་རྒྱ་གྲོལ) དྲི་བ་འདི་འབྱོར་རྗེས་ང་ལ་ཡ་མཚན་ཆེན་པོ་ཞིག་སྐྱེས་བྱུང་སྟེ་མངའ་བདག་ཁྲི་རལ་གྱི་དུས་སུ་ཆོས་ཀྱི་སྙིང་བོ་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་དགེ་འདུན་པ་རྣམས་ཀྱིས་བོད་སེར་སྐྱ་མང་ཚོགས་ལ་སྡུག་བསྔལ་གྱི་གཉའ་ཤིང་འཁུར་དུ་བཅུག་པ་ལོ་རྒྱུས་དེ་ཁོང་གིས་གང་ཞིག་ནས་མཐོང་བ་ཡིན་ནམ་སྙམ་བྱུང་། རྒྱུ་མཚན་ནི་མངའ་བདག་ཁྲི་རལ་བ་ཅན་གྱི་སྐབས་སུ་དེ་འདྲའི་ལོ་རྒྱུས་གཏན་ནས་མེད་པའི་ཁར་བོད་ཀྱི་ལོ་རྒྱུས་སྟེང་དུ་གྲྭ་བས་བོད་མི་དམངས་ལ་གཉའ་ཤིང་འཁུར་དུ་བཅུག་པའི་ལོ་རྒྱུས་ཤིག་གཏན་ནས་མེད་པས་སོ། །རྗེས་སུ《ཤར་དུང་རིའི》རྩོམ་ཡིག་ཅིག་ཏུ་འདི་ལྟར་བཤད་ཡོད་པ་མཐོང་བས་དྲི་བ་འདོན་པ་བོས་བོད་ཀྱི་ལོ་རྒྱུས་དངོས་ལ་མ་དཔྱད་པར་དེའི་རྗེས་སུ་འབྲང་བས་འཁྲུལ་བའི་སྟེང་དུ་འཁྲུལ་བ་བསྣན་པ་ཞིག་ཡིན་པ་རྟོགས། འོན་ཀྱང་། བློ་གསར་བ་ཞིག་ལ་མཚོན་ན་དེ་ལྟ་བུའི་དྲི་བ་གདོན་ཐུབ་པ་ནི་དགའ་འོས་པ་ཞིག་རེད།

  ཡིན་ནའང་། བདེན་དོན་ཁོ་ན་བསམ་པའི་ང་རང་ལ་མཚོན་ན་གཞན་གྱིས་དེ་ལྟར་བཤད་པ་ནི་ལོ་རྒྱུས་ལ་གསལ་ཆ་མེད་པའི་རྟགས་ཡིན་པས་དེ་ལ་དོ་སྣང་བྱ་དགོས་དོན་ཅི་ཡང་མེད་ནའང་ཧོབ་ཚོད་དང་གཡམ་ལ་རྒྱུགས་པ་ནི་ཤིན་ཏུ་མི་ལེགས་པས་དོགས་པ་དེ་སེལ་བར་བྱེད་པ་ནི་ངའི་འགན་འཁུར་ཡིན་པས་ཆེད་དུ་གནད་དོན་དེར་དཔྱད་པ་ཞིབ་མོ་ཞིག་བྱ་སྟེ། བོད་ཀྱི་ལོ་རྒྱུས་སྟེང་དུ་ཤིན་ཏུ་སྐྱིད་པའི་གདུང་རབས་ལྔ་ཞེས་གྲགས་པའི་ནང་དུ་མངའ་བདག་ཁྲི་རལ་བ་ཅན་ཡང་ཤིན་ཏུ་སྐྱིད་པའི་གདུང་རབས་ཡིན་པས་དེ་སྐབས་དེར་བོད་མི་དམངས་ལ་སྡུག་གི་གཉའ་ཤིང་ཞིག་ཇི་ལྟར་སྤྲད་ཡོད་དམ། ལྷག་པར་ཆོས་འབྱུང་མཁས་པའི་དགའ་སྟོན་ལས། ལུགས་གཉིས་བཀའ་ཁྲིམས་ཆོས་བཞིན་གཏན་ལ་ཕབ། །དགེ་བཅུའི་ཁྲིམས་སྤྱོད་སྡིག་སྤྱོད་མིང་མི་གྲགས། །མཁྱེན་པས་འཕྲུལ་ཆགས་མཛད་པ་ལྷ་ལས་ལྷག །མངའ་ཐང་དཔལ་འབྱོར་ས་ལ་བརྒྱ་བྱིན་བཞིན། །སྟོབས་འབྱོར་མཐུ་ཡིས་དགའ་རབ་དབང་ཕྱུག་སྐྲག། མཐའ་བཞི་ཀུན་ལས་རྣམ་པར་རྒྱལ་གྱུར་ཏེ། །འཛམ་གླིང་སུམ་གཉིས་ལས་ལྷག་མངའ་དབང་མཛད། །ཅེས་པ་འདི་ལས་ཀྱང་གསལ་བོར་རྟོགས། ལྷག་པར་འདིར་བརྗོད་སྤོབས་པ་ཞིག་ནི་བོད་ཀྱི་དགེ་འདུན་པ་རྣམས་ཀྱི་དོན་དུ་བོད་མི་དམངས་ཀྱི་སྡུག་གང་མང་ཞིག་མྱང་མོད་དགེ་འདུན་པས་བོད་མི་དམངས་ལ་སྡུག་བསྔལ་གྱི་གཉའ་ཤིང་འཁུར་དུ་གཏན་ནས་བཅུག་མེད་པའི་ཁར་ཐེངས་མང་བོར་བོད་མི་རིགས་སྡུག་བསྔལ་གྱི་བཙོན་ར་ལས་ཐར་བར་བྱས།

  འདི་ལྟར་བརྗོད་ན་ལ་ལས་འོ་ན་མངའ་བདག་ཁྲི་རལ་ཅན་གྱིས་སྐབས་དེར་གྲྭ་བ་ལ་མིག་ལོག་བལྟས་ན་མིག་བྲུས་ཤིང་མཛུབ་མོས་ཀེར་ན་མཛུབ་མོ་གཅོད་པའི་ཁྲིམས་བྱས་པ་དེ་ཅི་ཡིན་ནམ་ཟེར་ངེས་མོད། དེ་ལྟར་ཁྲིམས་བྱས་པས་སྡུག་བསྔལ་གྱི་གཉའ་ཤིང་འཁུར་དུ་བཅུག་པ་ཡིན་ན་བུད་མེད་ལ་བརྙས་བཅོས་བྱས་པས་ལོ་མང་བོར་ཁྲིམས་ཐག་བཅད་པས་ཀྱང་བུད་མེད་དག་གིས་རྒྱལ་ཁམས་སྡུག་ལ་སྦྱར་བ་དང་དེའི་འགན་བུད་མེད་དག་གིས་འཁུར་དགོས་པའི་ལྒིན་པའི་རིགས་པ་དེར་དགོད་མི་བྲོའམ། དེ་ལྟར་ཁྲིམས་བྱས་པས་བོད་མི་དམངས་ཁྲིམས་དེར་འགལ་དགོས་པའང་གླེན་པའི་རིགས་པ་ཡིན་ལ་དོན་དངོས་སུ་བོད་མི་དམངས་ལ་དེ་ལྟར་ཁྲིམས་བཅད་པའི་ལོ་རྒྱུས་ཀྱང་གཏན་ནས་མེད། བོད་མི་དམངས་མང་བོ་ཞིག་ཁྲིམས་དེར་འགལ་སྲིད་པའི་དབང་དུ་བཏང་ཡང་དེ་ནི་བོད་ཀྱི་གྲྭ་བ་དག་གིས་མིག་བྲུས་ཤིང་མཛུབ་མོ་བཅད་པ་མ་ཡིན་པར་མངའ་བདག་རལ་བ་ཅན་ལ་ཐུག་ཡོད་པས། བོད་མི་དམངས་སྡུག་ལ་སྦྱར་ནའང་དེར་སྦྱོར་མཁན་ནི་རྒྱལ་བོ་ཡིན་པ་ལས་དགེ་འདུན་པ་དག་མིན་པ་ནི་གནས་ལུགས་སུ་བརྗོད་དགོས་པ་ཞིག་ག་ལ་ཡིན།

  བོད་ཀྱི་གྲྭ་བས་མི་གསོད་འཕྲོག་བཅོམ་དང་མི་དམངས་ལ་བཤུ་གཞོག་བྱས་པའི་གནས་ཚུལ་དེ་ནི་བོད་ཀྱི་ལོ་རྒྱུས་སུ་དངོས་སུ་བྱུང་བ་མ་ཡིན་པར་རིག་གསར་གྱི་སྐབས་སུ་བོད་ཀྱི་དགེ་འདུན་པར་མ་ཉེས་ཁ་གཡོག་བྱེད་པའི་ལྒིང་འགེལ་ཞིག་ཡིན་པས། ང་ཚོས་གཏན་ནས་ཁས་ལེན་ཐབས་མེད་ལ་དེ་ལ་འགྲེལ་རྒྱག་པའི་འགན་ནི་བོད་ཀྱི་གྲྭ་བ་དག་ལ་མེད་པར་དེ་ལྟར་ལྒིང་འགེལ་བྱེད་མཁན་དག་ལ་ཡོད་དོ། །

  མི་རིགས་ཤིག་དང་དེའི་ཆོས་པའི་བར་གྱི་འབྲེལ་བ་ནི་མཐར་གཏུག་ནས་བཤད་ན་མི་རིགས་དང་དགོས་མཁོའི་འབྲེལ་བ་རེད་ལ་མི་རིགས་ཀྱི་དགོས་མཁོ་དེ་ མེད་ཚེ་འབྲེལ་བ་དེ་ཡང་རང་བཞིན་གྱིས་མེད་པར་ཆགས་འགྲོ་བས་ཕན་ཚུན་ལ་རམ་འདེགས་ཀྱི་ནུས་པ་ལས་ཕན་ཚུན་སྡུག་ལ་སྦྱོར་བའི་ནུས་པ་དེ་ཐོན་མི་སྲིད། ཕན་ཚུན་གྱི་དགོས་མཁོ་སྐོང་བའི་དུས་རིམ་ནང་དུ་ཕན་ཚུན་ལ་འགན་འཁུར་ཞིག་མེད་པ་གཏན་ནས་མི་སྲིད་ལ་འགན་འཁུར་དེ་ཐེག་པར་བྱེད་པ་ནི་རང་གི་ཚེ་སྲོག་དང་འབྲེལ་བ་ཡོད་པའི་གནད་དོན་ཞིག་ཡིན། བོད་ཀྱི་དགེ་འདུན་པ་དང་མི་དམངས་བར་གྱི་འབྲེལ་བའང་དེ་ཡིན། དེ་ཤེས་ན་མི་རིགས་དང་དགེ་འདུན་པའི་བར་གྱི་འབྲེལ་བ་མང་བོ་ཞིག་གཏན་ལ་དབབ་ཐུབ།དེ་ལས་ལྷག་པར་བོད་ཀྱི་དགེ་འདུན་པས་བོད་མི་རིགས་ཐེངས་མང་བོར་སྲོག་ཉེན་ལས་བསྐྱབས་ཡོད། ཡིན་ནའང་། བོད་ཀྱི་གྲྭ་བ་དག་ལ་སྐྱོན་ཆ་གཏན་ནས་མེད་པ་ཞིག་མིན་ལ་བོད་མི་དམངས་ལའང་སྐྱོན་ཆ་མེད་པ་ཞིག་གཏན་ནས་མིན། ཡིན་ནའང་། ལོ་རྒྱུས་གང་ཞིག་ཡིན་རུང་ང་ཚོའི་ད་ལྟའི་གནས་བབས་ལ་ཕན་པ་མེད་པས་བོད་ཀྱི་གྲྭ་བས་གྲྭ་བའི་འོས་འགན་འཆོར་མི་ཉན་པ་དང་བོད་ཀྱི་སློབ་མས་སློབ་མའི་འོས་འགན་གཏོང་མི་ཉན་པ། བོད་ཀྱི་ལས་བྱེད་པས་ལས་བྱེད་པའི་འོས་འགན་བརྗེད་མི་ཉན་པ་དེ་ཡིན་ལ། དེ་ལས་ང་ཚོ་བོད་མི་དམངས་ཀྱི་གནས་བབས་ཀྱི་དོན་དུ་རང་རང་གི་འོས་འགན་དེ་ཉམས་སུ་བསྟར་ཐུབ་པ་ལས་ཕ་མེས་མ་འཁྱོངས་པ་དང་གཞན་གང་དང་གང་གིས་མ་འཁྱོངས་ཟེར་བ་དག་ནི་དོན་དུ་རང་གི་འོས་འགན་ལ་གཞོལ་འདོད་པ་ལས་མེད་ཅིང་དོན་གྱིས་དེ་དག་ནི་སྡར་མ་སྐོར་ཞིག་ཡིན་ནོ། །