ལྕི་བ་དང་ཁྱིམ་ནང་གི་རླུང་ཁམས།

  འདྲེ་རིག་ལྡན།

  བོད་ནི་སའི་གོ་ལའི་སྟེང་གི་ས་བབ་མཐོ་ཤོས་དང་། ཆེས་དབེན་པའི་གནས་ཤིག་ཡིན་པ་མ་ཟད། གནམ་སྔོན་པོ་དང་རླུང་ཁམས་དྭངས་གསལ་ཡིན་པའི་ཧི་མ་ལ་ཡའི་རི་རྒྱུད་དང་འདྲེས་ཡོད་པ་ཞིག་ཡིན། དེ་བས་ནམ་རྒྱུན་ང་ཚོས་རི་མཐོ། ས་གཙང་། རླུང་ཁམས་དྭངས་པ་སོགས་རང་གི་ཡུལ་གྱི་ཁྱད་ཆོས་སུ་བརྩི་བཞིན་ཡོད། ཡིན་ན་ཡང་། ང་ཚོའི་འཚོ་བའི་ཆ་རྐྱེན་དང་། གོམས་སྲོལ། རྣམ་པར་མ་དཔྱད་པའི་ཡིད་ཆེས་མང་པོ་ཞིག་གིས་ང་ཚོ་རང་ཉིད་ཀྱི་འཚོ་གནས་དང་འཕྲོད་བསྟེན་ལ་དོ་ཕོག་ཆེན་པོ་ཐེབས་བཞིན་ཡོད། གཤམ་འདིར་ང་ཚོས་བོད་པ་སྤྱི་དང་། ཁྱད་པར་དུ་ཡང་འབྲོག་པ་མང་ཚོགས་ཀྱི་འཚོ་བའི་ཁྲོད་སྤྱོད་སྒོ་ཆེས་ཆེ་བའི་གཡག་གི་ལྕི་བ་དང་འབྲེལ་བའི་ཚན་རིག་ཞིབ་འཇུག་གི་གྲུབ་དོན་ཅིག་ལ་མཉམ་དུ་བལྟ།

  ཨ་རིའི་ཨེ་མོ་རི་གཙག་ལག་སློབ་གཉེར་ཁང་གི་ཁོར་ཡུག་ཚན་རིག་སྡེ་ཁག་དང་། རཱོ་ལིན་ས྄ི་སྤྱི་མང་འཕྲོད་བསྟེན་སློབ་གླིང་གི་ཁོར་ཡུག་འཕྲོད་བསྟེན་སྡེ་ཁག་སློབ་དཔོན་གཞོན་པ་ཨཱེ་རིས་ཟེ་ཁཱ་ཝ་(Eri Saikawa) ལགས་བོད་དུ་ཐེངས་མང་ཕེབས་ནས་ཞིབ་འཇུག་བྱས་པ་ལྟར་ན། གྲང་ངར་ཆེ་བའི་དགུན་ཟླ་རིང་མོ་སླེབས་དུས་བོད་མི་ཚོས་གཡག་གི་ལྕི་བ་མེར་འབུད་ནས་ཟས་གཡོས་པ་དང་ཁང་ཁྱིམ་དྲོས་ཐབས་བྱེད་ཀྱིན་ཡོད་ཅིང་། གཡག་གི་ལྕི་བ་མེར་འབུད་དུས་དེས་ནག་རྫས་(black carbon) ཚུད་པའི་ཉེན་ཚབ་ཅན་གྱི་ཕྲ་རྡུལ་འབག་བཙོག་མང་པོ་ཞིག་ཐོན་བསྐྱེད་ཀྱིན་ཡོད་པ་ཤེས་རྟོགས་བྱུང་ཡོད།

  སློབ་དཔོན་གཞོན་པ་ཨཱེ་རིས་ཟེ་ཁཱ་ཝ་(Eri Saikawa) ལགས་ཀྱིས་གསུངས་པ་ལྟར་ན། “ཡར་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཁག་ཏུ། ཁང་ཁྱིམ་ནང་གི་རླུང་ཁམས་འབག་བཙོག་ནི་མིའི་འཕྲོད་བསྟེན་ལ་གནོད་པའི་དཀའ་ངལ་ཆེན་པོ་ཞིག་རེད་”ཟེར། ཁོང་གིས་མུ་མཐུད་ནས་གསུངས་དོན། “གྲང་ངར་ཆེ་བའི་བོད་ཁུལ་ལྟ་བུར་མཚོན་ན། གནོད་པ་ཕོག་ཚད་གཞན་དང་བསྡུར་ན་ཆེ་བ་ཡོད་སྲིད་པ་རེད། གང་ཡིན་ཟེར་ན་ཁོང་ཚོ་ཁང་ཁྱིམ་ནང་དུས་ཚོད་ཧ་ཅང་རིང་པོར་སྡོད་པ་དང་། སྒོ་དང་སྒེའུ་ཁུང་སོགས་གང་ཐུབ་ཐུབ་ཀྱིས་གཏད་ནས་རླུང་འགྲོ་ས་མེད་པ་བཟོ་བཞིན་ཡོད།”

  འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་(WHO) ཀྱིས་ཚོད་རྩིས་བྱས་པ་ལྟར་ན། སྲོལ་རྒྱུན་གྱི་ཐབ་ཀའི་ནང་རྡོ་སོལ་དང་། ཤིང་། ལྕི་བ། རྩྭ་སོགས་མེ་སྤར་བ་ལ་བརྟེན་ནས་ཁང་ཁྱིམ་ནང་གི་རླུང་ཁམས་འབག་བཙོག་ཤོར་བའི་རྗེས་འབྲས་སུ། སྤྱི་ལོ་༢༠༡༢ ལོར་རྒྱལ་སྤྱིའི་ཁྱོན་ནས་མི་གྲངས་ས་ཡ་བཞི་ཚེག་གསུམ་(4300000)ཙམ་དུས་མིན་རྐྱེན་ལམ་དུ་ཤོར་ཡོད་ལ། ལོ་དེ་ག་རང་དུ་ཕྱིའི་རླུང་ཁམས་འབག་བཙོག་ཤོར་བའི་རྗེས་འབྲས་སུ་མི་གྲངས་ས་ཡ་གསུམ་ཚེག་བདུན་(3700000)ཙམ་རྐྱེན་ལམ་དུ་ཤོར་ཡོད་པར་ཚོད་རྩིས་བྱེད་ཀྱིན་ཡོད།

  སློབ་དཔོན་གཞོན་པ་ཨཱེ་རིས་ཟེ་ཁཱ་ཝ་(Eri Saikawa) ལགས་ཀྱིས་སྣེ་ཁྲིད་པའི་ཞིབ་འཇུག་སྡེ་ཁག་དེས་ཐོག་མར་དབྱར་དུས་ཀྱི་ཁང་ཁྱིམ་ནང་གི་རླུང་གི་སྤུས་ཚད་ཞིབ་འཇུག་བྱས་ཤིང་། རྗེས་སུ་ཁོང་ཚོས་གྲང་ངར་ཆེ་བའི་དགུན་དུས་སུ་ཁང་ཁྱིམ་ནང་གི་རླུང་གི་སྤུས་ཚད་ལ་ཞིབ་འཇུག་བྱ་རྒྱུ་བྱས།

  སྤྱི་ལོ་༢༠༡༣ ལོའི་ཟླ་གསུམ་པའི་ནང་། རཱོ་ལིན་ས྄ི་སྤྱི་མང་འཕྲོད་བསྟེན་སློབ་གླིང་གི་སློབ་མ་ཆིན་ཡཱང་ཞཱོ་(Qingyang Xiao) ལགས་བོད་ཀྱི་གནམ་མཚོའི་ཕྱོགས་སུ་ཞིབ་འཇུག་བྱེད་ཆེད་ཕྱིན། གནམ་མཚོ་ཕྱུག་མོའི་ཕྱོགས་དེའི་ས་བབ་རྒྱ་མཚོའི་ངོས་ནས་མི་ཊར་བཞིན་སྟོང་བདུན་རྒྱ་སུམ་ཅུ་(4,730 meters)ལྷག་གི་སོར་ཡོད་ཅིང་། གཏན་སྡོད་མི་གྲངས་བཞི་སྟོང་ལྔ་བརྒྱ་ཙམ་ཡོད།

  ཕྲ་རྡུལ་འབག་བཙོག་རྫས་(PM2.5) ནི་རླུང་ཁམས་ནང་ཡོད་པའི་ཕྲ་རྡུལ་ཆུང་ཆུང་དག་ཡིན་ལ། དེའི་འདུས་ཚད་ཇེ་མཐོར་སོང་ན་མིའི་བདེ་ཐང་ལ་གནོད་པ་སྐྱེལ་བཞིན་ཡོད། རླུང་ཁམས་ནང་རྡུལ་རྫས་དེ་མང་དུ་འཕེལ་དུས་དེས་རླུང་ཁམས་རབ་རིབ་བཟོས་ནས་མིག་གི་མཐོང་ཚད་སྒྲིབ། རླུང་མི་གཡུག་པའམ། ཁོར་ཡུག་གི་རླུང་ལ་འགུལ་བསྐྱོད་མེད་པའི་སྐབས་སུ་ཁོར་ཡུག་གི་ཕྲ་རྡུལ་འབག་བཙོག་རྫས་ཀྱི་ཚད་གཞི་ཇེ་མཐོར་འགྲོ་བ་ཡིན།

  ཞིབ་འཇུག་པ་ཚོས་ཁང་ཁྱིམ་ནང་དུ་ནག་རྫས་ནག་པོ་(black carbon)དང་། སྐྱེ་ལྡན་ནག་རྫས་(organic carbon)གཉིས་གྲུབ་ཆ་གཙོ་བོ་ཡིན་པའི་ཕྲ་རྡུལ་འབག་བཙོག་རྫས་ཀྱི་འདུས་ཚད་ལ་ཞིབ་འཇུག་བྱེད་ཆེད། འབྱོར་བ་འདྲ་མིན་དང་། ཐབ་ཀ་འདྲ་མིན་སྣ་ཚོགས་པ་ཡིན་པའི་ཁྱིམ་ཚང་དྲུག་གི་ཁྱིམ་ནང་གི་རླུང་ཁམས་ལ་ཞིབ་བཤེར་བྱས། ཁོང་ཚོ་ཚང་མའི་འབུད་རྫས་གཙོ་བོ་གཡག་གི་ལྕི་བ་ཡིན། ཞིབ་འཇུག་གྲུབ་དོན་དེས་བསྟན་པ་ལྟར་ན། ས་མཐོ་དང་། གྲང་ངར་ཆེ་སའི་བོད་ཁུལ་གྱི་ཁྱིམ་ནང་གི་ཕྲ་རྡུལ་འབག་བཙོག་རྫས་འདུས་ཚད་དེ། ས་བབ་དམའ་བོ་དང་། གནམ་གཤིས་དྲོ་བའི་ས་ཁུལ་དཔེར་ན་རྒྱ་གར་དང་། མེག་སིས་ཀོ་སོགས་ཀྱི་ཁྱིམ་ནང་གི་ཕྲ་རྡུལ་འབག་བཙོག་རྫས་འདུས་ཚད་ལས་ལྡབ་ཀྱིས་མཐོ་བ་ཡོད།

  གནམ་མཚོ་ཕྱུག་མོའི་ཁུལ་གྱི་ཁྱིམ་ཚང་དེ་དག་ལས་ཁ་ཤས་ཤིག་སྦྲ་ནག་ནང་སྡོད་བཞིན་ཡོད་ལ། ཁ་ཤས་ཤིག་ཁང་ཁྱིམ་སྟབས་བདེ་དེ་འདྲ་སྡོད་བཞིན་ཡོད། ཁང་ཁྱིམ་ཁ་ཤས་ལ་དུད་ཁུང་མེད་པ་དང་ཁ་ཤས་ལ་དུད་ཁུང་ཡོད། དུད་ཁུང་ཡོད་མཁན་ཚོའི་ཁྱིམ་ནང་གི་ཕྲ་རྡུལ་འབག་བཙོག་རྫས་འདུས་ཚད་དེ་དུད་ཁུང་མེད་མཁན་ཚོ་ལས་དམའ་བ་ཡོད།

  དེ་ལྟ་ནའང་། དུད་ཁུང་ཡོད་པའི་རྡོ་རྩིགས་ཁང་ཁྱིམ་གཅིག་གི་ཕྲ་རྡུལ་འབག་བཙོག་རྫས་འདུས་ཚད་དེ་གཞན་ཐམས་ཅད་ལས་མཐོ་ཤོས་དེ་ཆགས་ཡོད།

  གནས་སྟངས་དེའི་ཐད་སློབ་དཔོན་གཞོན་པ་ཨཱེ་རིས་ཟེ་ཁཱ་ཝ་(Eri Saikawa)ལགས་ཀྱིས་ “དེ་ནི་ཧང་སངས་དགོས་པ་ཞིག་འདུག མ་ཟད་དེས་ད་དུང་དུད་ཁུང་ཡོད་ན་རླུང་གི་གནས་སྟངས་ཇེ་ཡག་ཏུ་འགྲོ་ངེས་པར་འདོད་པའི་ལོག་རྟོག་བསྐྱེད་བཞིན་ཡོད་” ཟེར། མོས་བཤད་པ་ལྟར་ན། གལ་གནད་ཆེ་ཤོས་དེ་སྒོ་དང་སྒེའུ་ཁུང་ཚད་ལྡན་ཡོད་དགོས་པ་མ་ཟད། ཁང་ཁྱིམ་ནང་རླུང་གི་འཁོར་རྒྱུག་ཡག་པོ་ཡོང་རྒྱུ་དེ་གལ་གནད་ཆེ་ཤོས་རེད་ཟེར།

  འབུད་ཤིང་ལ་ཤིང་དང་། ལྕི་བ། ཞིང་ཁའི་རྩྭ། རྡོ་སོལ་སོགས་ཅི་ཞིག་བཀོལ་བཞིན་ཡོད་ཀྱང་། དེ་དག་ཐམས་ཅད་ཀྱིས་ཁྱིམ་ནང་གི་རླུང་ཁམས་ནང་ཕྲ་རྡུལ་འབག་བཙོག་རྫས་གཏོང་བཞིན་ཡོད་པས། དུས་རྒྱུན་ཁང་པ་དང་། སྦྲ་ནག་སོགས་ཀྱི་ནང་དུ་རླུང་གཙང་མ་རྒྱུ་བར་བྱེད་རྒྱུ་གལ་གནད་ཆེན་པོ་ཡིན། ཕྲ་རྡུལ་འབག་བཙོག་རྫས་འདི་རླུང་ཁམས་ནས་ང་ཚོའི་དབུགས་འབྱིན་མ་ལག་ནང་ལས་སླ་བོར་འཛུལ་ནས་གློ་བར་ཞུགས་ཀྱིན་ཡོད། ཕྲ་རྡུལ་འབག་བཙོག་རྫས་ཀྱིས་ཞུགས་པ་ཡིན་ན། མིག་དང་། སྣ། མིད་པ། གློ་བ་བཅས་ལ་ཟ་འཁྲུག་ལངས་ཤིང་། གློ་ལུ་བ་དང་། ཧབ་སྤྲིད་རྒྱགས་པ། སྣ་ཚུ་ཟགས་པ། དབུགས་ཐག་ཐུང་བ་སོགས་དུས་ཐུང་གི་གནོད་འཚབ་ཕོག་པ་མ་ཟད། དེས་གློ་བའི་བྱེད་ལས་ལ་གནོད་སྐྱེལ་བ་དང་། དབུགས་བསག་གི་ནད་དང་། སྙིང་གི་ན་ཚ་སོགས་ཀྱི་ནད་གཞི་ཡོད་ཚེ་དེ་དག་ཛ་དྲག་ཏུ་གཏོང་གི་ཡོད། ཚན་རིག་ཞིབ་འཇུག་གི་གྲུབ་དོན་མང་པོས་བསྟན་པ་ལྟར་ན། ཕྲ་རྡུལ་འབག་བཙོག་རྫས་ནང་ཡུན་རིང་སྡོད་པ་དང་སྙིང་རྩའི་ནད་དང་དབུགས་འབྱིན་མ་ལག་གི་ནད་བཅས་ལ་བརྟེན་ནས་སྨན་ཁང་ཉལ་དགོས་ཐུག་པ་དང་། ཐ་ན་དུས་མིན་རྐྱེན་ལམ་ཤོར་བཞིན་པ་བཅས་དང་ཐད་ཀར་འབྲེལ་བ་ཡོད། ཞིབ་འཇུག་གྲུབ་དོན་གཞན་དག་གིས་ད་དུང་། ཕྲ་རྡུལ་འབག་བཙོག་རྫས་ནང་ཡུན་རིང་སྡོད་པ་དང་གློ་བའི་འབྲས་སྐྲན་སོགས་གློ་བའི་ནད་གཞི་ཁག་ཅིག་དང་ཐད་ཀར་འབྲེལ་བ་ཡོད་པ་བསྟན་ཡོད།

  གནས་ཚུལ་འདིར་རྒྱུས་ལོན་ཞིབ་ཕྲ་བྱེད་འདོད་པའམ། ཡང་ན་འདིའི་ཐད་དང་བླང་སྒོས་བོད་ཁུལ་གོ་རྟོགས་སྤེལ་བའམ། བྱ་འགུལ་སྤེལ་འདོད་མཁན་ཚོས་ངེད་དྲ་བར་འབྲེལ་བ་གནང་དང་། ང་ཚོས་ཞིབ་འཇུག་པའམ། སློབ་དཔོན་གཞོན་པ་ཨཱེ་རིས་ཟེ་ཁཱ་ཝ་(Eri Saikawa) ལགས་དང་ཐད་ཀར་འབྲེལ་བ་ཞུས་ནས་ཉེར་མཁོའི་ཞིབ་ཕྲའི་གནས་ཚུལ་མཁོ་སྤྲོད་བྱེད་ཆོག

  དཔྱད་གཞིའི་ཡིག་ཆ།

  http://www.health.ny.gov/environmental/indoors/air/pmq_a.htm

  http://www.sciencedaily.com/releases/2015/01/150115111521.htm