ངའི་མིང་ལ་ཕིས་ཨེར་ཟེར། གཏམ་རྒྱུད་འདི་ནི་ང་རང་དངོས་སུ་བརྒྱུད་པའི་དོན་དག་ཅིག་ཡིན།

    ཉིན་ཞིག་ལ། ངས་རང་གི་ཁུག་མ་ལ་རེག་ཙམ་བྱེད་དུས། ཨམ་ཕྲག་ནང་ཧྥ་ལང་སྒོར་ལྔ་ཡོད་པས། ངའི་བསམ་པར། ལྡོམ་པོ་ལྟར་གང་སར་འཁྱམ་པའི་ལོ་ཟླ་མཇུག་རྫོགས་ནས་ཁང་པ་ཞིག་གླ་ཆོག་སྙམ་ནས་གླ་གཏོང་ཁང་པ་མཚམས་སྦྱོར་ཁང་ཞིག་གི་ཕྱོགས་སུ་བརྒྱུགས་པ་ཡིན།

    “ཁྱེད་བདེ་མོ། སྐུ་ཞབས་ལགས། ངས་ཁང་པ་ཞིག་གླ་འདོད་པས་གླ་རྒྱུ་ཡོད་དམ”ཞེས་དྲིས། དེས“ཁྱེད་ལ་ཁང་པ་རྙིང་པ་ཞིག་དགོས་སམ་གསར་བ་ཞིག་དགོས”ཟེར།

    ངས“ཁང་པ་རྙིང་བ་ཞིག་ཡོད་ན་ཆོག་རྒྱུ་རེད་བསམ་གྱིན་ཡོད”ཅེས་བཤད་པར།

    ཁོས“ངའི་ལག་སྣེ་ན་རིན་གོང་ཧྥ་ལང་སྒོར་ས་ཡ་གཉིས་ཅན་གྱི་ཁང་པ་དང་ས་ཡ་ལྔ་ཅན་གྱི་ཁང་པ། བྱེ་བ་གཅིག་ཅན་གྱི་ཁང་པ་བཅས་ཡོད”ཅེས་བཤད།

    ངས“ཡིན་ནའང་། ང་ལ་ཧྥ་ལང་སྒོར་ལྔ་ལས་མེད་པས།ཁང་པ་ཆུང་ན་ཆོག ཁྱོད་ཀྱིས་ང་ལ་ཐབས་བཀོད་ཅིག་འཐེན་རོགས་ཞུ”ཞེས་བཤད་པར།

    གཞུང་དཔང་མཁན་དེས་རང་གི་མགོ་ལ་ལག་པས་བརྡབས་ཏེ། “ཨ་ལ། ངའི་ཀླད་པ་འདི། ཅུང་ཙམ་སྒུགས་དང”ཞེས་བཤད་ཞོར་འཐེན་སྒམ་གྱི་ཁ་ཕྱེས་ནས་ཡིག་སྒྲོམ་ཞིག་བླངས་ཡོང་སྟེ“འདིར་ལྟོས་དང་། ཁྱོད་ལ་མཁོ་བའི་ཁང་པ་ཞིག་ཡོད་དེ། སྲང་ལམ་ཆེན་མོ་ཞིག་གི་གཞོགས་སུ་ར་སྐོར་ཅན་གྱི་ཁང་པ་ཞིག་ཡོད། དེ་རུ་ཉལ་ཁང་དང་ཁྲུས་ཁང་། སྤྱོད་ཁང་དང་མཛེས་པའི་བར་ཁྱམས། ད་དུང་མཛོད་ཁང་ཆུང་ཆུང་ཞིག་ཀྱང་ཡོད”ཅེས་མཛུབ་མོས་ཡིག་ཆའི་སྟེང་ལ་བཙུགས་ཏེ་བཤད།

    ངས“ཁང་གླ་ཅི་ཙམ་དགོས”ཞེས་དྲིས་པར།

    ཁོས“ཧྥ་ལང་སྒོར་གསུམ་དང་ཟུར་ལྔ་རེད། དེའི་སྟེང་བར་ཁེ་པའི་གླ་བསྣན་ན། བསྡོམས་པས་ཧྥ་ལང་སྒོར་ལྔ་ཡིན།”

    “དངོས་གནས་ལེགས་པོ་འདུག ཁང་པ་དེ་ང་ལ་དགོས”ཞེས་བཤད་དེ་ཡིད་ཚིམ་པའི་ངང་རང་གི་ཁུག་མ་ལས་ཧྥ་ལང་སྒོར་ལྔ་བླངས་ནས་མདུན་ཅོག་སྟེང་ལ་བཞག བར་ཁེ་དེས་སྒོར་མོ་བླངས་རྗེས་ང་ལ་མཚམས་སྦྱོར་ཡི་གེ་ཞིག་སྤྲད་ནས“ཁྱེད་ཀྱིས་འདིའི་སྟེང་ལ་མིང་ཁོད་ཅིག འདིར་འགོད་དགོས། དེ་རུའང་འགོད་དགོས”ཞེས་བཤད།

    ངས་མིང་བཀོད་ཚར་རྗེས། མཚམས་སྦྱོར་ཡི་གེ་དེ་ཁོ་ལ་ཕྱིར་སྤྲད་ནས“ད་དོན་དག་མེད་དམ”ཞེས་དྲིས།

    ཁོས“འགྲིག་སོང་ནི་རེད། ཧེ་ཧེ་ཧེ”ཞེས་དགོད་ཞོར་དུ་ལན་བཏབ།

    ངས་ཁོ་ལ་དགོད་རྒྱུ་ཅི་ཡོད་ཅེས་དྲིས་པ་ན། ཁོས“ཅང་མ་རེད།ཅང་མ་རེད། ཧ་ཧ་ཧ”ཟེར། ངས་འདི་ལྟ་བུའི་དགོད་སྒྲར་མཉན་མི་འདོད་དེ། སྤྱིར་བཏང་དུ“ཧེ་ཧེ”ཞེས་པའི་དགོད་སྒྲ་འདི་ནི་ཕན་ཚུན་གྱི་བར་ལ་ཐལ་དྲགས་པའི་ཀུ་རེ་དང་རྩེ་མོ་རྩེད་པའི་སྐབས་སུ་ད་གཟོད་ཐོས་ཐུབ་པ་ཞིག་ཡིན་པས། ངས་དོགས་མི་བདེ་བའི་ངང་ཁོ་ལ་བསྐྱར་དུ“ཁང་པ་འདི་ངོ་མ་ཡོད་དམ”ཞེས་དྲིས།

    “ཁང་པ་ལོས་ཡོད། ཧེ་ཧེ་ཧེ”ཞེས་བཤད་ཚར་མ་ཐག་ཁང་པའི་ལྡེ་མིག་ང་ལ་བྱིན་རྗེས་ཡང་བསྐྱར་ང་ལ་ཚིག་ཟུར་ནས“ཁྱེད་རང་དངོས་སུ་བལྟ་རུ་སོང་དང…… བྱ་བ་ལམ་འགྲོ་ཡོང་བར་

    སྨོན། ཧེ་ཧེ་ཧེ”ཞེས་བཤད།

    ལྡེ་མིག་ཚུར་བླངས་རྗེས་ང་ཐད་ཀར་ཁང་པའི་ཕྱོགས་སུ་ཕྱིན་པ་ཡིན། ཁང་པ་དེ་མཐོང་བས་ང་རང་ཧ་ལས་སོང་། གནམ་རྒན་མ། ཁང་པ་འདི་དངོས་གནས་ལེགས་པོ་རེད། ལྷའི་གཞལ་ཡས་ཁང་དང་འདྲ་བའི་ཁང་པ་འདིའི་ནང་གི་སྒྲིག་གཞི་སོགས་ལ་བཤད་རྒྱུ་སྤུ་ཙམ་ཡང་མི་འདུག ཁང་པའི་ནང་ན་ཉལ་ཁང་དང་ཐབ་ཚང་། ཁྲུས་ཁང་དང་མཛེས་སྡུག་ལྡན་པའི་བར་ཁྱམས་ཤིག་ཡོད་པར་མ་ཟད། མཛོད་ཁང་ནང་ཅ་ལག་བཞག་པ་གཙང་ཞིང་གྲལ་དག ངས་ཁང་པའི་ནང་ཕར་ལྟ་ཚུར་ལྟ་ཞིག་བྱས་རྗེས། གློ་བར་དུ་སེམས་སུ“ཁྱིམ་མཚེས་གསར་བ་སུ་དང་གང་ཞིག་ཡོད་པ་བལྟ་རུ་འགྲོ་མི་དགོས་སམ”ཞེས་སྙམ་མ་ཐག་ཁྱིམ་མཚེས་སུ་ཡིན་བལྟ་རུ་སོང་།

    ངས་གཡོན་ཕྱོགས་ཁྱིམ་མཚེས་ཀྱི་སྒོ་བརྡུངས་ནས“ཁྱེད་བདེ་མོ། ང་ནི་ཁྱེད་ཀྱི་གཡས་ཕྱོགས་ཀྱི་ཁྱིམ་མཚེས་གསར་བ་ཡིན། ངས་ཉལ་ཁང་དང་ཁྲུས་ཁང་། ཐབ་ཚང་དང་མཛེས་སྡུག་ལྡན་པའི་བར་ཁྱམས། གཙང་སྤྱོད་ཁང་དང་མཛོད་ཁང་སོགས་ཆ་ཚང་བའི་ཁང་ཆེན་འདི་གླས་ཡོད”ཅེས་སྨྲས་མ་ཐག གཡོན་གྱི་ཁྱིམ་མཚེས་དེའི་ངོ་མདོག་སྐྱ་བོར་གྱུར་ནས་འཇིགས་ཤིང་སྐྲག་པའི་ཉམས་དང་བཅས་ང་ལ་བལྟས་འདུག ཁོས་སྐད་ཆ་ཚིག་གཅིག་ཀྱང་མ་བཤད་པར་ཁྲོག་སྒྲ་དང་བཅས་སྒོ་བརྒྱབ་པས། ཕྲན་ཙམ་གྱིས་ངའི་སྣ་མགོ་ལ་བརྡབ་བྱུང་། ཡ་མཚན་གྱི་རྣམ་པ་འདི་མཐོང་རྗེས་སེམས་སུ་མཚར་སྣང་སྐྱེས་ཀྱང་མནོ་བསམ་མ་བཏང་།

    དེ་ནས་ངས་གཡས་ཕྱོགས་ཁྱིམ་མཚེས་ཀྱི་སྒོ་བརྡུངས་ནས་སྔར་བཞིན་དུ་ངོ་སྤྲོད་བྱས།

    ངས་བགྲེས་མོ་ཞིག་མདུན་དུ་ལངས་འདུག་པ་མཐོང་། ཁོ་མོས་ཧང་སངས་ནས་ལག་གཉིས་རྡེབ་བཞིན་ང་ལ་འཚམས་འདྲི་མི་བྱེད་པར། ངོ་ལ་སྐྱོ་ཉམས་ཤིག་ཤར་ནས“ཨ་ལ་ལ། ལས་ངན་རེད། ཁྱོད་ཀྱིས་སྡུག་མྱང་རྒྱུ་རེད།ངོ་མ་ཡིད་ཕངས་པ་ཞིག་ལ་ཁྱོད་ད་དུང་ལོ་ན་གཞོན……ཡིན་ནའང་། སྐྱོན་མི་འདུག གནམ་རྒན་མས་ཁྱོད་ལ་རླུང་རྟ་དར་བའི་དུས་ཤིག་སྟེར་ངེས……

    ལས་ཤིག་ཡོད་ན་ལམ་ཞིག་ཡོད་པ་ཅེས་པའི་དཔེ་ལྟར་ཁྱོད་ཀྱི་བྱ་བ་ལམ་འགྲོ་ཡོང་བར་སྨོན”ཟེར།

    བགྲེས་མོའི་སྐད་ཆ་དེར་མཉན་རྗེས། ང་འཚུབ་ཆ་ལངས་ཏེ“ཨ་ནེ་ལོ་ལོ། ཁྱེད་ཀྱིས་གསལ་བོར་ཤོད་དང་།”ཅེས་དོགས་སྣང་གིས་དྲིས། ཡིན་ནའང་ངས་སྐད་ཆ་བཤད་མ་ཚར་གོང་། མོས“གཅེས་ཕྲུག ངོ་མ་དགོངས་པ་མ་ཚོམ། ངའི་སྲོ་སྒམ་ནང་བཟའ་སྲོས་ཡོད་པས། འཚིག་རྒྱུ་རེད”ཅེས་ཟེར་ཞོར་གཡོན་ཕྱོགས་ཀྱི་ཁྱིམ་མཚེས་དང་འདྲ་བར་སྒོ་བརྒྱབ།

    ང་སྙིང་རླུང་སྟོད་ལ་འཚང་བཞིན་མྱུར་དུ་བར་ཁེ་པའི་མདུན་དུ་སོང་ནས“ཁྱོད་ཀྱིས་མྱུར་དུ་ང་ལ་གསལ་བོར་ཤོད།ངས་གླས་པའི་ཁང་པ་དེར་གསང་བ་ཅི་ཞིག་ཡོད། གསལ་བོར་བཤད་ན་སྐྱོན་ཅི་ཡང་མེད། གལ་ཏེ་དེ་རིང་ཁྱོད་ཀྱིས་འདི་ནས་གསལ་བོ་ཞིག་མ་བཤད་ན། ངས་ཁྱོད་ཀྱི་སྐེ་གཅུ་རྒྱུ་ཡིན”ཞེས་བཤད་ཞོར་མདུན་ཅོག་སྟེང་གི་ཐ་མིག་གི་ཐལ་ཕོར་ལག་ལ་བླངས་ཏེ་རྒྱག་གྲབས་བྱས། བར་ཁེ་པས་གནས་ཚུལ་མི་ལེགས་པ་ཤེས་ནས“ཁོང་ཁྲོ་མ་ལངས།སྐད་ཆ་ཡོད་ན་དལ་མོར་ཤོད།ལག་གི་ཐལ་གཞོང་དེ་ཐང་ལ་ཞོག་དང་ངའི་སྐད་ཆར་དལ་མོར་ཉོན”ཞེས་གཡོ་སྒྱུའི་ཚུལ་འཆོས་ཀྱིས་དེ་ལྟར་བཤད།

    ངས“རྒྱུ་མཚན་གསལ་བོར་ཤོད”ཅེས་ཁོ་ལ་སྡིགས་པ་ན།

    ཁོས“ངས་བཤད། ངས་བཤད། གང་ལྟར་ཡང་མཚམས་སྦྱོར་ཡི་གེའི་སྟེང་ལ་མིང་རྟགས་བཀོད་ཟིན་པས། ངས་ཀྱང་ཁྱོད་ལ་གསང་དགོས་དོན་ཅི་ཡོད……ཁང་ཆེན་དེར་གྲིབ་ཕོག་ཡོད་ཟེར”ཞེས་བཤད།

    “ཅི་ཟེར། གྲིབ་ཅི་ཞིག་ཕོག་ཡོད”ཅེས་དྲིས།

    “ཁང་ཆེན་གྱི་མཛོད་ཁང་དེའི་ནང་ན་ཕྲ་མེན་མ་ཞིག་ཁ་རོག་གེར་ཡིབ་འདུག་ཟེར།”

    “དེས་ན་ཁྱོད་ཀྱིས་ང་ལ་སྔ་མོ་ནས་བཤད་ན་མི་ཆོག་གམ།”ཞེས་དྲིས་པར།

    ཁོས“ཨིན། མི་ཆོག ཁང་ཆེན་འདི་ཁྱོད་མ་ཡོང་གོང་ནས་ངས་བཙོངས་ན་འདོད་ཡོད། དེ་ཡང་དྲིན་ཆེན་ཁྱོད་ཡོང་ནས་ཁང་ཆེན་འདི་གླས་པ་རེད། ཧེ་ཧེ་ཧེ།”

    ངས་ཁོ་ལ“དགོད་མི་ཆོག ད་བགད་ན་ངས་ཁྱོད་ཀྱི་མགོར་ཐལ་ཕོར་འདིས་རྒྱག་རྒྱུ་ཡིན”ཞེས་བཤད་པར།

    ཁོས“ཡ། ཡ། མི་དགོད། མི་དགོད”ཟེར།

    “ངས་ད་སོ་མ་ཁང་ཆེན་དེར་བལྟས་ཟིན། མཛོད་ཁང་དེའི་ནང་ལའང་འཛུལ་མོད། ཕྲ་མེན་མ་ཟེར་བ་ཞིག་མ་མཐོང་།”

    ཁོས“མཚན་མོར་མ་གཏོགས་ཉིན་མོར་ཡོང་བ་མ་རེད”ཟེར།

    “མོ་མཚན་མོར་ཡོང་དོན་ཅི་ཞིག་ཡིན།”

    “ཁྱེད་ཁ་རོག་གེར་བསྡད་ན་མོས་ཁྱེད་ལ་ངན་ཅི་ཡང་བྱེད་མི་སྲིད། མོ་ནི་གྲགས་འགུལ་སྤུ་ཙམ་ཡང་མེད་པར་མཛོད་ཁང་དུ་བསྡད་འདུག་ཟེར། འོན་ཀྱང་། ཁྱེད་ཀྱིས་མཉམ་འཇོག་དགོས། གལ་ཏེ་ཁྱེད་ཀྱིས‘ཕྲ་མེན་མར་གཅར་རྡུང་བྱེད་ན་འདོད། ངོ་མས་དེ་ལྟར་འདོད།ངོ་མས’ཞེས་པའི་གླུ་འདི་བླངས་ན། ཕྲ་མེན་མས་ཁྱེད་རང་དཀའ་ཁག་ལ་གཏོད་ངེས། ཁྱེད་ཀྱང་ཚར་བ་རེད།”

    བར་ཁེ་པའི་སྐད་ཆ་དེ་ཐོས་མ་ཐག་ངའི་སྙིང་རླུང་སྟོད་ལ་འཚངས་ནས“ཁྱེད་ཀྱིས་ང་ལ་སེམས་ཁུར་བྱ་མི་དགོས། གླུ་ཚིག་དེ་བླངས་ནས་འདྲེ་ཁོག་ལ་ཞུགས་རྒྱུ་ཡོད་དམ། ཕྲ་མེན་མ་གཅར་རྒྱུ་ནི་ངའི་སེམས་སུའང་དྲན་མ་མྱོང་། འོན་ཀྱང་ད་ལྟ་གླུ་ཚིག་དེ་ཇི་ལྟར་བརྗེད་དགོས་སམ”ཞེས་དྲིས་པར།

    ཁོས“ཧེ་ཧེ་ཧེ། གླུ་ཚིག་འདི་ནི་ངས་བསམ་བཞིན་དུ་བསྒྲིགས་པ་ཡིན”ཞེས་བཤད།

    ངས་ཁོའི་ལུས་སྟེང་ལ་ཁུ་ཚུར་འགའ་བརྒྱབ་ནས་སྙིང་ནད་འདི་སངས་དགོས་ཞེས་བསམ་བཞིན་པའི་སྐབས་སུ། ཁོ་ཁང་པ་ཞིག་གི་ནང་དུ་འཛུལ་སོང་བས། ཇི་ལྟར་བཙལ་ཡང་མ་རྙེད། དེ་བས་ང་རང་ཕྱིར་ཁང་པར་ལོག་རྒྱུ་མ་གཏོགས་ཐབས་གཞན་མ་བྱུང་། སེམས་སུ་ཡང་དང་བསྐྱར་དུ“ངས་མཉམ་འཇོག་དགོས། དུས་ནམ་ཡང་སེམས་ཆུང་དང་དོ་སྣང་བྱེད་དགོས་པར་མ་ཟད། འདྲེ་ལ་དམོད་པའི་གླུ་ཚིག་དེ་ངེས་པར་དུ་བརྗེད་དགོས”སྙམ། (འཕྲོ་མ་པར་ངོས21པར་གཟིགས།)

        མཚོ་སྔོན་བོད་ཡིག་གསར་འགྱུར།2015·01·30།པར་ངོས 20པ།

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།


འབྲེལ་ཡོད་རྩོམ་ཡིག