ཨོ.ཧིན་རོས་ཀྱིས་བརྩམས་ཤིང་ཇོ་ཇོ་ཡིས་བསྒྱུར་བའི་སྒྲུང་རྩོམ《བརྩེ་དུང་གི་སྲི་ཞུ》།

རྩོམ་པ་པོ།:ཇོ་ཇོ་ཡིས་བསྒྱུར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2019-08-14 09:12:00 ཀློག་གྲངས།:

  བརྩེ་དུང་གི་སྲི་ཞུ།

ཨོ.ཧིན་རོས (O. Henry)ཀྱིས་བརྩམས།

ཇོ་ཇོ་ཡིས་བསྒྱུར།

     མི་ཞིག་མི་དེའི་སྒྱུ་རྩལ་ལ་དགའ་དུས་སྲི་ཞུ་ཅི་ཞིག་སྒྲུབ་ཀྱང་ལས་དཀའ་མོ་ཞིག་མ་ཡིན།

     དེ་ནི་ང་ཚོའི་སྔོན་འགྲོའི་ཆ་རྐྱེན་ཡིན། གཏམ་རྒྱུད་འདིས་སྡོམ་ཚིག་ཅིག་བཀོད་ཡོད་ལ། དེའི་མཚུངས་སུ་སྡོམ་ཚིག་དེ་མི་འགྲིག་པ་བསྟན་ཡོད། གཏན་ཚིགས་ལྟར་ན་དེ་ནི་དོན་དག་གསར་བ་ཞིག་དང་། གཏམ་རྒྱུད་ལྟར་ན་དེ་ནི་ཀྲུང་གོའི་ལྕགས་རི་རིང་པོ་ལས་ཀྱང་རིང་བའི་ངོ་མཚར་གྱི་བྱ་བཞག་ཅིག་ཏུ་ངེས།

     ཇའོ•ལར་རྭ་བྷེJoe Larrabeeནི་དབུས་ནུབ་ཀྱི་འོ་ཁི་སྤང་ཐང་ནས་ཡོང་བ་དང་། རི་མོའི་སྒྱུ་རྩལ་ལ་དུང་བའི་ཤེས་རབ་ཅན་ཞིག་ཡིན། ལོ་དྲུག་གི་དུས་སུ་ཁོས་ཆུ་འཐེན་འཕྲུལ་འཁོར་གྱི་འགྲམ་དུ་གྲགས་ཆེ་བའི་གྲོང་དམངས་ཞིག་མགྱོགས་མྱུར་ངང་བགྲོད་པའི་རི་མོ་ཞིག་བྲིས་ཡོད། བརྩམས་ཆོས་དེར་སྒྲོམ་བུ་བཟོས་ཏེ་གྲལ་མི་དག་པའི་མ་རྨོས་ལོ་ལོག་གི་སྙེ་མའི་རྟེན་རྐང་འགྲམ་གྱི་སྨན་མཛོད་ཤེལ་སྒྲོམ་དུ་བཏགས། ལོ་ཉི་ཤུའི་དུས་ན་ཁོ་བོས་གཡོར་འགུལ་ཅན་གྱི་གོང་དཀྲིས་ཤིག་དང་དེ་དང་ཆ་མཚུངས་པའི་དངུལ་ཁུག་ཅིག་ཁྱེར་ནས་ཉིའུ་ཡོར་ལ་ཆས།

     དྷེ་ལེ་ཡ་ཁཱ་རོ་སར་སིDelia Caruthersནི་ལྷོ་ཕྱོགས་ཀྱི་གསོམ་ཤིང་སྟུག་པོ་ཅན་གྱི་སྡེ་བ་ཞིག་ཏུ་ནར་སོན་ཞིང་། དབྱངས་དྲུག་པ་ཅན་གྱི་ལས་དེ་རིགས་ངོ་མཚར་ཆེ་བའི་ངང་བསྒྲུབ་ནུས་པས། ཤ་ཉེ་དག་གིས་མོ་ལ་ཞལ་འདེབས་ཆུང་ངུ་ཞིག་བཏང་སྟེ་བྱང་ཕྱོགས་སུ་སྦྱོང་བ་ལེགས་འགྲུབ་བྱེད་པར་སྐུལ་མ་གནང་། ཡིན་ནའང་ཤ་ཉེ་དག་གིས་མོས་དེ་ལེགས་འགྲུབ་བྱུང་ཡོད་མེད་མཐོང་མ་ཐུབ། དེ་ནི་ང་ཚོས་བརྗོད་འདོད་པའི་གཏམ་རྒྱུད་རང་ཡིན།

     ཇའོ་དང་དྷེ་ལེ་ཡ་གཉིས་རིས་ཁང་ཞིག་ཏུ་ངོ་འཕྲད་པ་ཡིན་ལ། དེར་སྒྱུ་རྩལ་དང་རོལ་མོ་ལ་ཞིབ་འཇུག་བྱེད་པའི་སློབ་མ་རྣམས་ལྷན་དུ་འཛོམས་ཏེ་མངོན་ལྐོག་ཤན་བསྡུར་དང་ཝེ་གཱི་ནཱར། རོལ་མོ། རན་བྷོད་རོང་ཁྲིའུ་ཡི་བརྩམས་ཆོས། རི་མོ། བོའོ་དྷི་ཁྲིའུ་ཧྥུའུ། གྱང་ཤོག ཁྲོའོ་ཕིན། འོ་ལཱང་སོགས་ལ་བགྲོ་གླེང་བྱེད་པ་ཡིན།

     ཁོ་གཉིས་ཕན་ཚུན་འཕྲད་མ་ཐག་ནམ་ཡང་རང་འདོད་བཞིན་སེམས་གཏམ་ལྷུག་པོར་བརྗོད་རྒྱུ་ཡོད་པས། དུས་ཡུན་ཐུང་ངུའི་ནང་་་་་་ཆེད་དུ(གོང་གི་དེ་དག)གཉེན་སྒྲིག་པ་དང་། མི་ཞིག་མི་དེའི་སྒྱུ་རྩལ་ལ་དགའ་དུས་སྲི་ཞུ་ཅི་ཞིག་སྒྲུབ་ཀྱང་ལས་དཀའ་མོ་ཞིག་གཏན་ནས་མ་ཡིན།

     ཁོ་བཟའ་ཟླ་གཉིས་ཀྱིས་གླ་ཁང་ཞིག་ཏུ་ཁྱིམ་ལས་དོ་དམ་བྱེད་མགོ་བརྩམས་ཤིང་། དེ་ནི་ལྷིང་འཇགས་ཀྱི་གནས་ཤིག་སྟེ་ཧ་ལམ་རོལ་ཆས་མཐེབ་གཞོང་གཡོན་ཟུར་གྱི Aགདང་དང་འདྲ་ལ། ཁོ་གཉིས་དགའ་ཞིང་སྐྱིད་པར་འཚོ་བ་རོལ། རྒྱུ་མཚན་ནི་ཁོ་གཉིས་ལ་སྒྱུ་རྩལ་ཡོད་པ་མ་ཟད་ཕན་ཚུན་ཡང་ཡོད་ཅིང་། ངས་ན་གཞོན་ཕྱུག་པོ་དག་ལ་རང་གི་གླ་ཁང་དུ་སྒྱུ་རྩལ་དང་རང་གི་དྷེ་ལེ་ཡ་དང་མཉམ་དུ་འདུག་པའི་སྔོན་འགྲོ་རུ། དངོས་པོ་ཡོངས་སུ་བཙོང་སྟེ་དབུལ་ཕོངས་ཀྱི་སྒོ་སྲུང་ལ་སྦྱིན་པ་གཏོང་རོགས་ཞེས་སྐུལ་བ་ཡིན།

     གླ་ཁང་གི་འཚོ་བ་ནི་དོན་དམ་པའི་བདེ་སྐྱིད་དེ་ཡིན་པས། གླ་ཁང་དུ་སྡོད་མཁན་དག་གིས་ངའི་བསམ་ཚུལ་འདི་ལ་ཁས་ལེན་བྱེད་ངེས་ཡིན། གལ་ཏེ་ཁྱིམ་ཚང་ཞིག་བདེ་སྐྱིད་ཡིན་ན་ཁྱིམ་ཚང་ཆུང་ཡང་སྐྱོན་ཅི་ཡོད། གལ་ཏེ་འཐད་ན། མཛེས་སྤྲས་སྟེགས་བུ་དེ་གཏོར་ནས་ཐའེ་ཆིའུ་སྤོ་ལོའི་ཅོག་ཙེ་ཞིག་ཏུ་བསྒྱུར་ཆོག་པ་དང་། ལྡེབ་ཐབ་སྒྲོམ་དེ་གྲུ་སྦྱོང་འཕྲུལ་ཆས་ཤིག་ཏུའམ། འཐེན་སྒམ་ཅན་གྱི་འབྲི་ཅོག་དེ་གྲབས་དམིགས་ཉལ་ས་ཞིག་ཏུ། འཁྲུད་སྟེགས་དེ་ལངས་གཟུགས་ཀང་ཆིན་ཞིག་ཏུ་བསྒྱུར་ལ། ཕྱོགས་བཞིའི་གྱང་ངོས་གཅིག་ཏུ་འདུ་བར་བྱེད་ཆོག་ཅིང་། ཁྱེད་དང་ཁྱེད་ཀྱི་དྷེ་ལེ་ཡ་གཉིས་དེ་དག་གི་བར་དུ་བརྒྱུད་ནས་ཡོད། གལ་ཏེ་ཁྱིམ་ཚང་ནི་གནས་ཚུལ་གཞན་ཞིག་སྟེ། ཁང་པ་ཆེ་ན་ཆེ་བར་བྱོས་དང་རིང་ན་རིང་དུ་བཅུག་ལ། གསེར་སྒོ་ལས་ནང་དུ་འཛུལ་བ་དང་། ཞྭ་མོ་དེ་ཧའེ་ཁྲིར་རཱ་སིའིhatterasསྟེང་ཁོལ་ལ། སྟོད་ལྭ་ནི་ཁའེ་ཕུ་ཧོནCape Hornགྱི་སྟེང་བཀལ་ཞིང་། ལའེ་བྷུ་རེ་སྒྲོབLabradorབརྒྱུད་ནས་སྒོར་བུད་ནའང་ད་དུང་བདེ་སྐྱིད་ཡེ་ནས་ཚོར་མི་ཐུབ་པར་འདུག

     ཇའོ་ཡིས་མཱ་ཇའེ་སི་ཁྲིའི་སློབ་ཁྲིད་དུ་རི་མོ་སྦྱོང་བཞིན་ཡོད་ཅིང་། ཁོའི་སྙན་གྲགས་ཚང་མས་ཤེས་སྲིད་དེ་རིན་གོང་མཐོ་ཞིང་སློབ་ཁྲིད་ཡང་ལ། རིན་མཐོ་ལ་སློབ་ཁྲིད་ཡང་མོས་ཁོང་ལ་སྙན་གྲགས་རྒྱས་སུ་བཅུག དྷེ་ལེ་ཡ་ཡིས་རའོ་སིན་སི་ཏྲའོ་ཁི་ཡི་མདུན་དུ་སློབ་སྦྱོང་བྱེད་པ་ཡིན་ལ། ཁོ་ནི་ཀང་ཆིན་མཐིལ་མ་རྟོགས་བར་དུ་མཚམས་མི་འཇོག་མཁན་ཞིག་ཡིན་པའི་ཆ་ནས་ཁོའི་སྙན་གྲགས་ཀྱང་ཚང་མས་ཤེས་སྲིད། 

     ཁོ་ཚོའི་དངུལ་སྒོར་ཡོངས་སུ་མ་ཚར་བར་དུ་དགའ་སྐྱིད་ཀྱི་དཔལ་ཆེན་མོར་རོལ་ངེས། དེ་དང་འདྲ་ན་མི་ཚང་མ་ཡང་འདི་འདྲ་ཡིན་རྒྱུ་རེད། ཡིན་ཡང་ང་ཕྲག་དོགས་དང་སྡངས་སེམས་འཛིན་པར་མི་དགའ། ཁོ་ཚོའི་དམིགས་ཡུལ་ནི་ཤིན་ཏུ་གསལ་བོ་ཡིན་ཏེ། ཇའོ་ཡི་རི་མོ་བརྩམས་ཆོས་མི་འགྱངས་པར་སྒོར་ཐོན་ངེས་ཤིང་། ཨག་ཚོམ་དཀར་པོ་ཅན་གྱི་རྒན་པོས་སྒོར་ཁུག་མཐུག་པོ་དང་བཅས་ཁོའི་རིས་ཁང་དུ་བཙིར་རྒྱག་བྱེད་ཞོར་རི་མོ་ཉོ་བ་དང་། དྷེ་ལེ་ཡ་ཡིས་ཐོག་མར་རོལ་མོ་ལེགས་པོ་སྦྱངས་རྗེས་དེར་སྣང་མེད་དུ་འཇོག་ལ། གལ་ཏེ་མོས་རོལ་མོ་ཁང་དུ་བཙོག་ས་དང་ཁང་ཆུང་སྟོང་བར་ལུས་འདུག་པ་མཐོང་དུས་མིད་པ་ན་བར་ཁ་གཡར་ཏེ་གསོལ་ཁང་དུ་ལུན་ཤ་བཟའ་བ་དང་གར་སྟེགས་སུ་འབུད་པར་ཁས་ལེན་མ་བྱས་ན་ཆོག

     ཡིན་ཡང་ངས་བལྟས་ན་ཁྱིམ་ཚང་གི་འཚོ་བ་དེ་ནི་ཆེས་མཛེས་སྡུག་ལྡན་པ་ཞིག་རེད། གླ་ཁང་ཆུང་ཆུང་ནང་གི་སློབ་སྦྱོང་རྗེས་ཀྱི་སྤྲོ་ཞིང་འཁོལ་ལ་རིན་ཐང་ལྡན་པའི་ཁ་བརྡ་དེ་དང་། ཕོ་བར་འཕྲོད་པའི་ནངས་ཇ་དང་། ཞིམ་མངར་གྱི་དགོང་ཟས། ཕུགས་འདུན་གྱི་བསམ་བློ་བརྗེ་རེས། ཁོ་ཚོས་རང་ཉིད་ཀྱི་ཕུགས་འདུན་ལས་གཞན་ཡང་ཕ་རོལ་བའི་ཕུགས་འདུན་ལའང་དོ་སྣང་བྱེད་པ་ཡིན། དེ་མིན་ན་ཕན་ཚུན་རོགས་རམ་དང་སྐུལ་ལྕགས་གནང་རྒྱུ་ནི་གླེང་རིན་མི་འདུག ད་དུང་ཁྱེད་ཚོ་མ་དགོད་རོགས། མཚན་མོའི་ཆུ་ཚོད་བཅུ་གཅིག་སྟེང་དུ་སྐྱུ་རུའི་ཟས་དང་ཆུར་བའི་སྲན་གདུ་ཝེ་ཧྲི་ལ་རོལ་བ་ཡིན། 

     དུས་ཡུན་འགའི་རྗེས་ནས་སྒྱུ་རྩལ་ལ་གཡོ་འགུལ་བྱུང་སོང་། སྐབས་འགར་མི་རྣམས་ཀྱིས་གཡོ་འགུལ་མ་བཏང་རུང་རང་ཉིད་ལ་གཡོ་འགུལ་འབྱུང་སྲིད། ཟེར་སྒྲོས་སུ། གཏོང་རྒྱུ་མང་ལ་ཡོང་རྒྱུ་མེད་ཅེས་པ་བཞིན། སྐུ་ཞབས་མཱ་ཇའེ་སི་ཁྲི་དང་སྐུ་ཞབས་རའོ་སིན་སི་ཏྲའོ་ཁི་གཉིས་ལ་སློབ་རིན་སྟེར་རྒྱུའང་མེད་པར་གྱུར། གལ་ཏེ་མི་ཞིག་མི་དེའི་སྒྱུ་རྩལ་ལ་དགའ་དུས་སྲི་ཞུ་ཅི་ཞིག་སྒྲུབ་ཀྱང་ལས་དཀའ་མོ་ཞིག་གཏན་ནས་མ་ཡིན། དེ་བས། དྷེ་ལེ་ཡ་ཡིས་མོས་ངེས་པར་དུ་རོལ་མོའི་སློབ་ཁྲིད་བྱས་ཏེ་ཁྱིམ་འདི་ལ་ནམ་ཡང་ཞིམ་མངར་ཟས་མཆོག་གི་དྲི་ཞིམ་འཐིབ་བར་འཇུག་དགོས་ཟེར།

     ཉིན་གཉིས་སམ་གསུམ་གྱི་རྗེས་སུ་མོ་སྒོར་སོང་ནས་སློབ་མ་འགའ་རེ་བཙལ་ཞིང་། མཚན་མོ་ཞིག་ལ་མོ་དགའ་སྤྲོ་ཆེན་མོའི་ངང་ཁྱིམ་ལ་ཐོན་བྱུང་།

     མོས“ཨོ། སྙིང་ཉེ་ལགས”ཞེས་སྤྲོ་སེམས་འཁོལ་བའི་ངང་བཤད་རྒྱུར། “ང་ལ་སློབ་མ་ཞིག་ཡོད་བྱུང་། འོ། ཁྱིམ་ཚང་དེ་ཚང་དངོས་གནས་སྙིང་ཉེ་བ་ལའང་། དེ་ནི་དམག་སྤྱི་ཨའེ་པའེ་ཕིན་ཁི་ནའེ་A.B.Pinkneyཚང་གི་བུ་མོ་རེད། སྲང་ལམ༧༡ན་གནས་འདུག་སྟེ། ཇི་འདྲའི་ངོ་མཚར་ཆེ་བའི་ཁང་བ་ཞིག ཇའོ། ཁྱེད་ཀྱིས་ཁང་པ་དེའི་མདུན་སྒོ་དེར་རྒྱང་ལྟ་ཞིག་བྱ་འོས། ངས་བསམ་ན་ཁྱེད་ཀྱིས་དེ་ནི་པའེ་ཀྲན་ཐིན་ཅན་ཞིག་རེད་ཅེས་ཟེར་ངེས་ཁོ་ཐག་ཡིན། ད་དུང་ཁྱིམ་དེའི་ནང་ངོས། འོ། ཇའོ། ངས་ད་ལྟའི་བར་དེ་འདྲ་ཞིག་གཏན་ནས་མཐོང་མ་མྱོང”།

     “ངའི་སློབ་མ་ནི་ཁོའི་བུ་མོ་ཁི་ལེ་མེན་ཁྲེ་ནཱ་རེད། ངས་མོ་མཐོང་མ་ཐག་ཤིན་ཏུ་དགའ་ཡི་འདུག མོ་ནི་ཉམས་ཆུང་བའི་བུ་མོ་ཞིག་སྟེ། ནམ་ཡང་མདོག་དཀར་པོ་གྱོན་པ་དང་སྙིང་ཉེ་ལ་བབ་ཆགས་ཤིང་གུས་ཞབས་ལྡན། ད་ལྟ་ལོ་བརྒྱད་ཙམ་རེད། ངས་གཟའ་འཁོར་གཅིག་ལ་མོར་སློབ་ཐུམ་གསུམ་ཁྲིད་པ་ཡིན་ལ། ཇའོ། ཁྱེད་ཀྱིས་གསོན་དང་། ཨ་སྒོར༥ཙམ་རེད། ཡིན་ཡང་སྐྱོན་མི་འདུག ངས་སློབ་མ་གཉིས་སམ་གསུམ། ཡང་ན་འགའ་རྙེད་རྗེས་ངས་ཡང་བསྐྱར་ཧར་རའོ་སིན་སི་ཏྲའོ་ཁིའི་སློབ་ཁྲིད་ལ་ཉན་ཐུབ། ད་ལྟ། སྙིང་ཉེ་ལགས། ཁྱེད་ཀྱིས་སྨིན་མ་བར་གྱི་གཉེར་མ་དེ་ཅིག་ཤིག་དང་། འུ་གཉིས་ཀྱིས་དགུང་ཟས་ཞིམ་པོ་ཞིག་རོལ”།

     “དྷེ་ལེ། ཁྱེད་རང་ལེགས་པོ་འདུག”ཅེས་ཇའོ་ཡིས་སྟ་རེ་ཆུང་ངུ་དང་གྲི་ཞིག་གིས་སྔོ་སྲན་གྱི་ལྕགས་ཀྲིན་ལ་གཙེ་ཞོར“ད་ངས་ཅི་བྱ། ངས་ཁྱེད་རང་གླ་ཕོགས་ལ་བྲལ་བར་བྱས་ཏེ་ང་རང་སྒྱུ་རྩལ་གྱི་སྟོང་དབྱངས་ནས་འཁོར་ནས་འདུག་ཐུབ་བམ། དེ་ལྟར་གཏན་ནས་བྱེད་མི་ཆོག ངས་ལག་པ་སྙིང་ཁར་བཞག་ནས་མནའ་བསྐྱལ་རྒྱུ། ངས་བསམ་ན་ངས་ཚགས་པར་འགའ་རེ་འཚོང་བའམ་ཡང་ན་གྲམ་རྡོ་བཏང་ཡང་སྒོར་རྡོག་འགའ་རེ་འཚོལ་ཐུབ”།

     དྷེ་ལེ་ཡ་སྐྱིད་པའི་ཉམས་དང་བཅས་ཁོའི་སྐེ་ནས་འཇུ།

     “ཇའོ། སྙིང་ཉེ་ལགས། ཁྱོད་ཇི་འདྲའི་གླན་པ་ལ། ཁྱོད་ཀྱིས་ངེས་པར་དུ་རང་གི་སློབ་སྦྱོང་ལ་གཞོལ་དགོས། དེ་ནི་ངས་རོལ་མོ་དོར་ཏེ་ཕྱོགས་གཞན་ཞིག་ལ་ལས་ཀ་གཉེར་དུ་འགྲོ་བ་མ་ཡིན་པར། ངས་ཁྲིད་ཞོར་དང་སློབ་ཞོར་བྱེད་ཆོག་ལ། ང་ནམ་ཡང་ངའི་རོལ་མོ་དང་མཉམ་དུ་ཡོད། དེ་བས་ངེད་གཉིས་གཟའ་འཁོར་གཅིག་ལ་སྒོར༡༥ཡིས་ཕྱུག་པོ་ནོར་གྱི་རྒྱལ་པོ་ལྟར་བདེ་སྐྱིད་ཀྱི་འཚོ་བ་རོལ་ཆོག དེ་བས་ཁྱེད་རང་སྐུ་ཞབས་མཱ་ཇའེ་སི་ཁྲི་དང་ཁ་བྲལ་རྒྱུ་གཏན་ནས་བསམ་མི་ནུས”།

     “ཡ་ཡ”ཞེས་ཇའོ་ཡིས་བཤད་ཞོར་ཚོད་མའི་སྔོ་སྡེར་སྒོར་སྒོར་དེ་ལ་འཇུ། “ཡིན་ཡང་ངས་ཁྱེད་རང་སློབ་ཁྲིད་བྱེད་དུ་འཇུག་ན་མི་འདོད་ཀི། དེ་སྒྱུ་རྩལ་ཞིག་མ་རེད། ཡིན་ཡང་ཁྱོད་ནམ་ཡང་དེའི་ཐད་ལ་དད་ཅིང་བློས་གཏོང་མཁན་ཞིག་རེད”།

     “མི་ཞིག་མི་དེའི་སྒྱུ་རྩལ་ལ་དགའ་དུས་སྲི་ཞུ་ཅི་ཞིག་སྒྲུབ་ཀྱང་ལས་དཀའ་མོ་ཞིག་གཏན་ནས་མ་ཡིན”ཞེས་དྷེ་ལེ་ཡ་ཡིས་དེ་ལྟར་བཤད།

     “མཱ་ཇའེ་སི་ཁྲི་ཡིས་ངས་སྤྱི་གླིང་དུ་བྲིས་པའི་རི་མོ་དེ་ནང་གི་ནམ་མཁའ་ལ་བསྟོད་ར་བྱས་སོང”ཞེས་ཇའོ་ཡིས་བཤད། “ཁྲིམ་ཁའོ་ཡིས་ཁོའི་སྒེའུ་ཁུང་དུ་ངའི་རི་མོ་གཉིས་འགེལ་བར་འཐད་པ་བྱུང་ལ། གལ་ཏེ་ཕྱུག་པོར་ལོག་པའི་གླན་པ་ཞིག་གིས་མཐོང་ན་ངས་རི་མོ་གཅིག་འཚོང་ཐུབ་རྒྱུ་རེད”།

     “འཚོང་ཐུབ་ནོ་ཁོ་ཐག་ཡིན་ནི་རེད”ཅེས་དྷེ་ལེ་ཡ་ཡིས་བཤད་རྒྱུར། “ད་འུ་གཉིས་ཀྱིས་དམག་སྤྱི་ཕིན་ཁི་ནའེ་དང་ཁོའི་ལུག་ཤ་བསྲེག་མར་བཀའ་དྲིན་ཞུ་དགོས”།

     གཟའ་འཁོར་རྗེས་མ་རྣམས་ལ། ལར་རྭ་བྷེ་བཟའ་ཟླ་གཉིས་ཀྱིས་སྔ་མོ་ནས་ནང་ཇ་འཐུང་བ་ཡིན་ལ། ཇའོ་ནི་སྔ་སྦྱོང་ལ་སྤྲོ་བས་འཁེངས་ཏེ་དབུས་ཀྱི་སྤྱི་གླིང་དུ་རི་མོ་རེ་གཉིས་འབྲི་བར་གོམས་ཤིང་། ཆུ་ཚོད7:00གྱི་སྟེང་། དྷེ་ལེ་ཡ་ཡིས་ཁོ་ལ་ནང་བྲོ་སྟེར་བ་དང་། ཁོའི་པང་དུ་འཁྱུད་ལ། ཁོར་བསྟོད་ར་དང་འོ་ཞིག་བྱས་ཏེ་སྐྱེལ་མ་བྱེད་པ་ཡིན། སྒྱུ་རྩལ་ནི་ཤིན་ཏུ་ངོ་མཚར་བའི་འཁྱུན་མོ་ཞིག་ཅི་ལ་མ་ཡིན། ཁོ་རང་མཚན་མོ་ཁྱིམ་དུ་ལོག་དུས་རྟག་ཏུ་ཕལ་ཆེར་ཆུ་ཚོད7:00གྱི་སྟེང་རེད།

     གཟའ་མཇུག་ཏུ། དྷེ་ལེ་ཡ་ནི་སྤྲོ་ཞིང་གཟི་ཉམས་ལྡན་ལ་ཅུང་ངལ་བའི་ངང་སྒོར་ལྔ་ཅན་གྱི་སྒོར་ཤོག་གསུམ་ཅོག་ཙེའི་དཀྱིལ་དུ་གཡུགས་ངེས།

     “སྐབས་འགར”མོས་བཤད་རྒྱུར། “ཁི་ལེ་མེན་ཁྲེ་ནཱ་ཡིས་ང་ལ་ཉམས་ཚོད་ལེན་གྱི་འདུག ངས་བལྟས་ན་མོས་སྦྱོང་བརྡར་བྱས་པ་དེ་འདྲའི་ལེགས་པོ་མི་འདུག ངས་མོ་ལ་དོན་དག་གཅིག་ཐེངས་མང་པོར་བཤད་དགོས་བྱུང་། དེ་མིན་མོས་རྒྱུན་དུ་གོན་པ་དཀར་པོ་ཏག་ཏག་གྱོན་པ་དང་། དངོས་གནས་མིག་ལ་མི་རན་པའི་སྣང་བ་ཞིག་སྟེར། ཡིན་ཡང་དམག་སྤྱི་ཕིན་ཁི་ནའེ་ནི་སྙིང་སྙེ་བའི་རྒན་པོ་ཞིག་རེད། ཁྱོད་ཀྱིས་ཁོ་ངོ་ཤེས་རྒྱུ་ན་ལེགས་པོ་འདུག ཇའོ། སྐབས་འགར་ངས་ཁི་ལེ་མེན་ཁྲེ་ནཱ་ལ་ཀང་ཆིན་ཁྲིད་དུས་ཁོ་ནང་དུ་ཡོང་ངེས་ཡིན་ལ། ཁོ་ཡུགས་ཕོ་ཞིག་རེད། ཁྱེད་ཀྱིས་ཤེས་པ་ལྟར། ཁོ་ཕར་ལངས་ཏེ་སྨྲ་ར་བྱུག་བྱུག་བྱེད། དབྱངས་ཀྱི་སྒྲ་རྟགས་བཞི་བ་དང་གཉིས་པ་ཁྲིད་ནས་ག་འདྲ་འདུག་ཅེས་རྒྱུན་དུ་འདྲི་བ་ཡིན”།

     “ངའི་རེ་བར་ཁྱེད་ཀྱིས་རིས་ཁང་ནང་གི་གྱང་ལྡེབས་སྦྱོར་པང་དེ་མཐོང་ན་བསམ་པ་ཡིན། ཇའོ། ད་དུང་ཨ་སི་ཁྲི་རེའུ་ཁེན་གྱི་ཧྲལ་གདན། འོ། རེད། ཁི་ལེ་མེན་ཁྲེ་ནཱ་གློ་བ་ཅུང་ཙམ་ལུད་ཀྱི་འདུག་ལ། ངའི་རེ་བར་མོའི་ལུས་ཕུང་དེ་མོའི་ཕྱི་ཚུལ་ལས་ཅུང་རྒྱས་ན་བསམ། འོ། ང་མོ་ལ་སྔར་ལས་དགའ་བ་སྐྱེས་ཀྱི་འདུག མོ་ནི་དེ་འདྲའི་བབ་ཆགས་ཤིང་གུས་ཞབས་ཆེ་བ་ལའང་། དམག་སྤྱི་ཕིན་ཁི་ནའེ་ཡི་སྤུན་ཟླ་དེ་སྔར་པའོ་ལའེ་ཝེ་ཡའི་བློན་ཆེན་བྱས་མྱོང་འདུག”།

     དེ་ནས་ཇའོ་ཡིས་ཉམས་རྒྱས་པའི་ངང་ཁྲིམས་མཐུན་གྱི་སྒོར་ཤོག་ཡིན་པའི་སྒོར་བཅུ་ཅན་གཅིག་དང་སྒོར་ལྔ་ཅན་གཅིག སྒོར་གཉིས་ཅན་གཅིག སྒོར་གཅིག་ཅན་གཅིག་བཅས་ཡོངས་སུ་དྷེ་ལེ་ཡ་ཡིས་བླངས་པའི་ཡོང་སྒོའི་འགྲམ་དུ་བཞག

     “གྲུ་བཞི་རྩེ་སྨྱུང་ཅན་གྱི་ཆུ་ཚོན་རི་མོ་དེ་ཕེའོ་རེ་ཡཱ་ནས་ཡོང་བའི་མི་ཞིག་ལ་བཙོང་པ་ཡིན”ཞེས་ཁོས་ཉམས་དགའ་བའི་ངང་དེ་ལྟར་བཤད།

     “ཁྱོད་ཀྱིས་ང་ལ་གུ་རེ་མ་རྩེད”ཅེས་དྷེ་ལེ་ཡ་ཡིས་བཤད་རྒྱུར། “ཁོ་ཕེའོ་རེ་ཡཱ་ནས་ཡོང་བ་རེད་དམ”།

     “ངས་ལམ་རིང་བོར་ཁྱེད་ཀྱིས་ཁོ་ངོ་ཤེས་རྒྱུ་ན་བསམ་པ་ཡིན། དྷེ་ལེ། ཁོ་མི་ཚོན་པོ་ཞིག་རེད། བལ་གྱི་སྐེ་དཀྲིས་ཤིག་དཀྲིས་པ་དང་། ཁོས་ཁྲིམ་ཁའོ་ཡི་སྒེའུ་ཁུང་གི་རི་མོ་དེ་མཐོང་མ་ཐག་དེ་ནི་རླུང་འཁོར་ཞིག་རེད་བསམ་བྱུང་། ཡིན་ཡང་ཁོ་ནི་ངར་བ་ཞིག་རེད། ཅི་ཡང་མི་བསམ་པར་དེ་ཉོས་ཐལ། ཁོས་ད་དུང་ལཱ་ཀྱཱ་ཝན་ནཱ་དོས་གྲུ་སྣུམ་རིས་དེའང་ཉོས་ནས་ཡུལ་ལ་འཁྱེར་རྒྱུ་ཟེར། ཁྱེད་ཀྱིས་རང་གི་རོལ་མོའི་སློབ་ཁྲོད་བྱོས་དང་། འོ། ངས་བསམ་ན་སྒྱུ་རྩལ་ལ་དོན་སྙིང་ག་གེ་མོ་ལྡན”།

     “ཁྱེད་ཀྱིས་རྒྱུན་འཁྱོངས་བྱེད་ཐུབ་པར་ང་རང་དངོས་གནས་དགའ་སྤྲོ་ཆེན་པོ་བྱུང་སོང”ཞེས་དྷེ་ལེ་ཡ་ཡིས་སྤྲོ་སེམས་འཁོལ་བས་དེ་ལྟར་བརྗོད། “སྙིང་ཉེ་ལགས། ཁྱེད་རང་རྒྱལ་ཁ་མི་ལེན་ཐབས་མེད་རེད། སྒོར་སུམ་ཅུ། འུ་གཉིས་ལ་སྒོར་འདི་འདྲའི་མང་པོ་ཞིག་བཀོལ་རྒྱུ་གཏན་ནས་ཡོད་མ་མྱོང་། དོ་ནུབ་ཉ་ཕྱིས་ཉོས་ནས་དགོང་ཟས་མངར་མོ་ཞིག་ལ་རོལ་བར་བྱ”།

     “ད་དུང་ཚགས་ཤ་མངར་མོ་དང་ཤ་མོ”ཞེས་ཇའོ་ཡིས་བཤད་ཞོར། “ཚེབ་ཐུར་གང་ན་འདུག”

     གཟའ་འཁོར་རྗེས་མའི་རེ་གཟའ་སྤེན་པའི་མཚན་མོར་ཇའོ་སྔོན་མ་བྱས་ནས་ཁྱིམ་ལ་ཐོན་པ་དང་། ཁོས་སྒོར་བཅོ་བརྒྱད་ཅོག་ཙེའི་སྟེང་གཡུགས་རྗེས་ལག་པར་འགོས་པའི་ཚོན་དེ་དག་འཁྲུས་བྱུང་།

     དུས་ཚོད་ཕྱེད་ཀྱི་རྗེས་ནས་དྷེ་ལེ་ཡ་ཡང་ཁྱིམ་ལ་ཐོན་བྱུང་། མོའི་ལག་གཡས་པར་བཟོ་ལྟ་བྲལ་བའི་རྨ་དཀྲིས་ཀྱིས་ཕར་དཀྲི་ཚུར་དཀྲིས་བྱས་འདུག

     “འདི་ལ་ཅི་ཞིག་བྱུང་སོང”ཞེས་ཇའོ་ཡིས་དུས་རྒྱུན་གྱི་མཚམས་འདྲི་བཏང་རྗེས་དེ་ལྟར་དྲིས། དྷེ་ལེ་ཡ་གད་མོ་བགད་བྱུང་། ཡིན་ཡང་དེ་འདྲའི་སྤྲོ་སྣང་ཆེན་པོ་དགྱེས་མི་འདུག

     “ཁི་ལེ་མེན་ཁྲེ་ནཱ་རེད”ཅེས་མོས་གསལ་བཤད་བྱས། “སློབ་ཁྲིད་བྱས་ཚར་རྗེས་མོས་ཡིན་གཅིག་མིན་གཉིས་ཆུར་བའི་གོ་རེ་བཟའ་རྒྱུ་ཟེར་བ་རེད། མོ་དངོས་གནས་མཚར་པོ་ཞིག་རེད། ཕྱི་དྲོའི་ཆུ་ཚོད་ལྔ་ཡི་སྟེང་ཡང་ཆུར་བའི་གོ་རེ་བཟའ། དམག་སྤྱི་ལ་དེ་ནས་ཡོད། ཁྱེད་ཀྱིས་མོ་རྔོ་སླང་ལེན་དུ་རྒྱུག་པར་ལྟ་རྒྱུ་ན་ཁྱིམ་ན་གཡོག་མོ་མེད་པ་འདྲ། ཇའོ། ངས་བལྟས་ན་ཁི་ལེ་མེན་ཁྲེ་ནཱའི་ལུས་ཕུང་དེ་འདྲའི་བདེ་ཐང་མི་འདུག མོ་འཚབ་འཚུབ་ཆེན་པོ་བྱེད་ལ། ཆུར་བ་འདེབས་དུས་སླ་ང་ཡོ་ནས་མང་པོ་ཞིག་ལག་པའི་སྟེང་བླུག་སོང་། ཇའོ། དེས་ན་ཟུག་ཆེན་པོ་སློང་གིན་འདུག  སྙིང་ཉེ་བའི་བུ་མོ་དེ་སེམས་སྡུག་ཆེན་མོར་ལྷུང་ཞིང་། རྒས་ཟིན་པའི་དམག་སྤྱི་ཕིན་ཁི་ནའེ་མྱོས་པ་བཞིན་མར་རྒྱུག་ནས་མི་བོས་པ་དང་། ཁོ་ཚོས་བཤད་ན་མེ་སྦར་མཁན་ནམ་འོག་ཁང་གི་མི་ཆེ་གེ་མོ་སྨན་ཁང་དུ་སྣུམ་མམ་དངོས་པོ་གཞན་ཉོ་རུ་མངགས་ཏེ་ངའི་རྨ་ཁ་བསྡམས་པ་རེད། ད་དེ་འདྲའི་ཟུག་གཟེར་ལངས་ཀིན་མི་འདུག”

     “འདི་ཅི་རེད”ཅེས་ཇའོ་ཡིས་སེམས་ཆུང་ངང་ལག་པ་བཟུང་བ་དང་འཆིང་དཀྲི་འོག་གི་སྐུད་པ་དཀར་པོ་དེ་འཐེན་ཞོར་དེ་ལྟར་དྲིས།

     “དེ་ནི་སྣུམ་བསྐུས་པའི་སང་རས་འཇམ་པོ་ཞིག་རེད”ཅེས་དྷེ་ལེ་ཡ་ཡིས་ལན་སློག་ཞོར། ཅོག་ཙེ་སྟེང་གི་སྒོར་མོ་མཐོང་ནས“ཇའོ། ཁྱོད་ཀྱིས་རི་མོ་གཞན་ཞིག་ཀྱང་བཙོང་ཟིན་ནམ”།

     “རེད་དམ”། “ཕེའོ་རེ་ཡཱ་ནས་ཡོང་བའི་མི་དེ་ལ་དྲིས་དང་། ཁོ་དེ་རིང་ཁོའི་དོས་གྲུའི་རི་མོ་དེ་ལེན་རྒྱུ་བྱས་ནའང་ད་རུང་གཏན་འཁེལ་མ་བྱས། ཡིན་ཡང་ཁོར་ད་དུང་སྤྱི་གླིང་མཛེས་ལྗོངས་རི་མོ་དང་ཧུ་ཏི་སུན་གྱི་ལྗོངས་རྣམ་ཞིག་དགོས་ན་འདོད། དྷེ་ལེ། ཁྱོད་ཀྱི་ལག་པ་དེ་རིང་ཕྱི་དྲོའི་ཆུ་ཚོད་དུའི་སྟེང་རྨས་པ་ཡིན”།

     “ཆུ་ཚོད་ལྔ་ཡི་སྟེང་ཡིན་པ་འདྲ”ཞེས་དྷེ་ལེ་ཡིས་སྨྲེ་སྐད་དང་བཅས“དབུར་ཏི། ངས་ཕལ་ཆེར་ཆུ་ཚོད་དེའི་སྟེང་ཆུར་སྐམ་དེ་མེའི་སྟེང་ནས་མར་ལྷུང་སོང་ཟེར་བ་ཡིན། ཇའོ། ཁྱེད་ཀྱིས་དམག་སྤྱི་ཕིན་ཁི་ནའེ་མཐོང་འོས་ཏེ། ཁོ་་་་་”

     “དྷེ་ལེ། འདི་ནས་ཅུང་ཙམ་ཙོག་དང”ཞེས་ཇའོ་ཡིས་བཤད་བཞིན། འབོལ་ཁྲི་ཞིག་མོའི་གན་དུ་དྲུད་དེ་མོའི་འགྲན་དུ་ཙོག་ནས་ལག་པ་མོའི་ཕྲག་པར་བཞག

     “དྷེ་ལེ། གཟའ་འཁོར་འདི་གཉིས་ལ་ཁྱེད་ཀྱིས་དོན་དམ་དུ་ཅི་ཞིག་སྒྲུབ་པ་ཡིན”ཞེས་དྲིས།

     མོས་བརྩེ་སེམས་ཀྱིས་ཁེངས་ཤིང་ཨུ་ཚུགས་ཀྱི་སྒོ་ནས་ཅུང་ཙམ་ལ་སྤོབས་པ་བསྐྱེད་རྗེས། གསལ་ལ་མི་གསལ་བའི་ངང་དམག་སྤྱི་ཕིན་ཁི་ནའེ་དང་འབྲེལ་བའི་ཚིག་ལྡབ་ལྡིབ་འགའ་ལབ་བྱུང་ལ། མཐའ་མར་མོས་མགོ་སྒུར་ནས་ངུ་ཞོར་དུ་གཏམ་དྲང་མོར་བཤད་བྱུང་།

     “ངས་སློབ་མ་གང་ཡང་རྙེད་མ་བྱུང”མོས་སེམས་རྨོངས་བའི་ངང་བཤད་རྒྱུར།  “ངས་ཁྱོད་ཀྱིས་རང་གི་སློབ་སྦྱོང་དོར་བར་མི་བཟོད་པས། སྲང་ལམ་ཉེར་བཞི་བའི་ལྭ་འཁྲུད་ཁང་ཞིག་ཏུ་ལྭ་བ་དབུར་ཏིའི་ལས་ཀ་སྒྲུབ་པ་ཡིན། ངས་ད་དུང་དམག་སྤྱི་ཕིན་ཁི་ནའེ་དང་ཁི་ལེ་མེན་ཁྲེ་ནཱ་གཉིས་ཀྱི་ཤོད་ལེགས་པོ་ཞིག་བཅོས་ཡོད་བསམ་སོང་། ཇའོ། དེ་ལྟར་མ་རེད་དམ། དེ་རིང་ཕྱི་དྲོར་བུ་མོ་ཞིག་གིས་དབུར་ཏིས་ངའི་ལག་པ་བསྲེག་པས་ངས་ལམ་རིང་བོར་ཆུར་བའི་ཤོད་བསྒྲིགས་པ་ཡིན། ཁྱོད་ཁུང་ཁྲོ་ལངས་ཀི་མེད་ལ། ཇའོ། གལ་ཏེ་ང་ལ་ལས་ཀ་དེ་རེག་པ་མིན་ན་ཁྱེད་ཀྱིས་ཕེའོ་རའེ་ཡ་ནས་ཡོང་བའི་མི་དེར་རི་མོ་དེ་བཙོང་ཐུབ་ཡོད་རྒྱུ་མ་རེད”།

     “ཁོ་ཕེའོ་རའེ་ཡ་ནས་ཡོང་བ་མ་རེད”ཅེས་ཇའོ་ཡིས་དལ་མོར་བཤད།

     “ཁོ་གང་ནས་ཡོང་བ་གཙོ་བོ་མ་རེད། ཇའོ། ཁྱོད་ཇི་འདྲའི་སྤྱང་དྲུང་ལྡན་པ་ལའང་། ང་ལ་འོ་བྱོས། ཇའོ། ཁྱོད་ཀྱིས་ངས་ཁི་ལེ་མེན་ཁྲེ་ནཱ་ལ་རོལ་མོའི་སློབ་ཁྲིད་བྱེད་ཀྱི་མེད་པ་ཇི་ལྟར་ཤེས་པ་ཡིན”།

     “ངས་མ་ཤེས་ཡ”ཞེས་ཇའོ་ཡིས་བཤད་རྒྱུ། “དོ་ནུབ་བར་དུ་ངས་གཏན་ནས་མ་ཤེས། ཤེས་ཀྱང་སྲིད་རྒྱུ་མ་རེད། ཏག་ཏག་ངས་དེ་རིང་ཕྱི་དྲོར་འཕྲུལ་ཁང་གི་བལ་གྱི་སང་རས་དང་སྣུམ་དེ་ཐོག་ཁང་གི་བུ་མོ་ལག་པ་དབུར་ཏིས་བསྲེག་འདུག་པ་ཞིག་ལ་སྐྱེལ་དུས་ད་གཟོད་ཤེས་པ་ཡིན། གཟའ་འཁོར་གཉིས་ཀྱི་རིང་ལ་ངས་ལྭ་འཁྲུད་ཁང་དེའི་མེ་ཐབ་ལ་མེ་སྦར་བ་ཡིན”།

     “དེ་ན་ཁྱོད་ཀྱིས་་་་མ་བྱས་བར་འདུག”

     “ཕེའོ་རེ་ཡ་ནས་ཡོང་བའི་ཚོང་ཉོ་མཁན་གྱི་བརྗོད་གཞི་དེ”ཞེས་ཇའོ་ཡིས་བཤད། “དམག་སྤྱི་ཕིན་ཁི་ནའེ་དང་དེ་གཉིས་གསར་གཏོད་ལས་བྱུང་བའི་སྒྱུ་རྩལ་གྱི་འབྲས་བུ་རེད། ཡིན་ཡང་ཁྱོད་ཀྱིས་དེ་ལ་རི་མོ་དང་རོལ་མོའི་སྒྱུ་རྩལ་ཞེས་བརྗོད་མི་སྲིད”།

     དེ་ནས་ཁོ་གཉིས་ཧ་ཆ་བརྒྱབ་ཅིང་། ཇའོ་ཡིས་བཤད་རྒྱུར།

     “མི་ཞིག་མི་དེའི་སྒྱུ་རྩལ་ལ་དགའ་དུས། སྲི་ཞུ་ཅི་ཞིག་བསྒྲུབ་ཀྱང་་་་”

     ཡིན་ཡང་དྷེ་ལེ་ཡ་ཡིས་ཁོའི་མཆུ་ཏོ་ལ་ལག་པས་མནན་ཏེ་བཤད་དུ་མ་བཅུག “མ་རེད”ཅེས་མོས་བཤད་རྒྱུར། “ཏག་ཏག་མི་ཞིག་་་་་དགའ་དུས”།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།