མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་སྐོར་གྱི་ཞིབ་འཇུག་གནས་བབ་སྤྱི་བཤད།

 

  《མཁའ་འགྲོ་རྒྱ་མཚོའི་སྙིང་ཐིག་རྣམ་ཐར་གསང་བའི་མཛོད་ཆེན་ཉི་མའི་སྙིང་པོ་མུན་སེལ་སྒྲོན་མེ》(གཤམ་དུ《མཁའ་འགྲོའི་རྣམ་ཐར》ཞེས་བསྡུ་རྒྱུ་ཡིན།) འདི་ནི་གཡུང་དྲུང་བོན་གྱི་གཏེར་མ་ཡིག་ཆ་ཞིག་ཡིན་ལ། དེ་ནི་བོན་གྱི་སྐྱེས་མ་གཏེར་སྟོན་མཁའ་འགྲོ་བདེ་ཆེན་ཆོས་ཀྱི་དབང་མོས1918ལོར་རྒྱལ་རོང་ས་ཁུལ་གྱི་གནས་རི་རྒྱལ་མོ་མུ་རྡོར་གཏེར་རུ་བཏོན་པ་ཡིན། དཔེ་དེབ་འདི་ཉིད་ནི《མཁའ་འགྲོ་མ་འོད་མ་གསལ་མཛེས་ཀྱི་རྣམ་ཐར》དང་། 《གཡུང་དྲུང་འོད་འབར་མའི་རྣམ་ཐར》། 《མཁའ་འགྲོ་མ་འོད་ལྡན་འབར་མའི་རྣམ་ཐར》། 《མཚོ་སྐྱིད་སལ་ལེ་མའི་རྣམ་ཐར》《ཅ་ཟ་བོན་མོའི་རྣམ་ཐར》《ཉི་མ་སྟོང་ཁྱབ་ཀྱི་རྣམ་ཐར》《མཁའ་འགྲོ་མ་ཚོགས་བདག་གཟི་བརྗིད་ལྡན་མའི་རྣམ་ཐར》། 《རིན་ཆེན་དབྱིངས་ཕྱུག་མའི་རྣམ་ཐར》། 《གཙུག་གི་དོན་འབར་མའི་རྣམ་ཐར》《ཉི་མ་སྒྲོན་གསལ་གྱི་རྣམ་ཐར》། 《འཇང་ཟ་གར་བྱོན་གྱི་རྣམ་ཐར》། 《དུར་ཁྲོ་རྡོ་རྗེ་རྣལ་འབྱོར་གྱི་རྣམ་ཐར》། 《བཀྲ་ཤིས་ཀྴི་འདྲེན་གྱི་རྣམ་ཐར》། 《མཁའ་འགྲོ་ཤཀྱ་དྷེ་ཝའི་རྣམ་ཐར》། 《ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར》བཅས་བོན་གྱི་ཇོ་མོའི་རྣམ་ཐར་བཅུ་དྲུག་གི་གྲུབ་ཡོད་དོ། །གོང་གི་རྣམ་ཐར་འདི་དག་ལས་བདག་གི་དཔྱད་རྩོམ་འདིར་དཔྱད་པ་གཙོ་བོ་བྱེད་ས་ནི《ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར》འདི་ཉིད་ཡིན་ནོ། །

  ཉེ་བའི་ལོ་འགའི་རིང་ལ། བོད་ཀྱི་སྐྱེས་མའི་ལོ་རྒྱུས་ལ་རྒྱུས་ལོན་དང་ཞིབ་འཇུག་མཛད་པར་ཐུགས་ཕྱོགས་པའི་སྐྱེ་བོ་ཇེ་མང་དུ་འགྲོ་བཞིན་ཡོད་ལ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང་འབྲེལ་བའི་དཔྱད་རྩོམ་ཁག་ཅིག་མཐོང་ལམ་དུ་ཡོད་ཀྱང་། མཁའ་འགྲོ་བདེ་ཆེན་ཆོས་ཀྱི་དབང་མོས་གཏེར་ནས་བཏོན་པའི་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་གྱི་རྒྱབ་ལྗོངས་དང་། ཡེ་ཤེས་མཚོ་རྒྱལ་དང་གཡུང་དྲུང་བོན་བར་གྱི་འབྲེལ་བ། ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་གཉིས་ཀ་བར་གཤིབ་བསྡུར་བཅས་ཕྱོགས་ཡོངས་ནས་ཞིབ་འཇུག་གཏིང་ཟབ་ཅིང་ཕྱོགས་ལྷུང་མེད་པ་དང་འཐུས་ཚང་ཞིང་གསོང་པོར་བརྗོད་པ་ཧ་ཅང་དཀོན་པས། འདིར་བདག་གིས་གཡུང་དྲུང་བོན་གྱི་གཏེར་མ་ཡིག་ཆ་ལ་སློབ་སྦྱོང་གི་གོ་སྐབས་བཟང་པོ་འདི་དམ་འཛིན་གྱིས་གཡུང་དྲུང་བོན་གྱི་ཡིག་རྙིང་དང་། ལོ་རྒྱུས་ཆོས་འབྱུང་སོགས་ལ་གཞི་བཅོལ་བ་མ་ཟད། ད་དུང་རྒྱ་ནག་དང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཡིག་ཆ་ལ་ཁུངས་གཏུགས་ཏེ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་མཛད་རྗེས་དང་ཁོང་གི་རྣམ་ཐར་སྐོར་སོགས་ཕྱོགས་ཡོངས་ནས་དབྱེ་ཞིབ་ཕྲ་ཞིབ་བྱེད་རྒྱུར་འབད་པ་ཡིན།

  དང་པོ། དབྱིན་ཡིག་གི་ལམ་ནས་ཐོན་པའི་དཔྱད་འབྲས་གཙོ་བོ།

  ཐོག་མར་རང་རེ་བོད་མི་རིགས་འདི་ཉིད་ལ་གཟི་བརྗིད་ལྡན་ཞིང་འོད་སྟོང་འབར་བའི་ལོ་རྒྱུས་རིང་པོ་རིན་ཐང་བྲལ་བ་ཞིག་ཡོད་དེ། འཛམ་གླིང་མིའི་རིགས་ཀྱི་རིག་གནས་གར་སྟེགས་སྟེང་དུ་ཡང་གོ་གནས་གལ་ཆེན་བཟུང་ཡོད་ལ། རྒྱལ་སྤྱིའི་བོད་རིག་པའི་མཁས་དབང་རྣམ་པ་དང་ཞིབ་འཇུག་ཆེད་མཁས་མང་པོས་གཡུང་དྲུང་བོན་གྱི་ལོ་རྒྱུས་དང་རིག་གནས་ལ་གདེངས་འཇོག་ཚད་མེད་གནང་སྟེ་འབྲས་བུ་ཕུན་སུམ་ཚོགས་པ་བླངས་ཡོད་པ་དང་། དཔེར་ན། སྐུ་ཞབས་ཧེ་མུན་ཧོ་ཧྥ་མན(Helmut Hoffmann,The Religions of Tibet,1944)་དང་ལོ་རབས་ལྔ་བཅུ་དང་དྲུག་བཅུའི་ནང་བལ་ཡུལ་དུ་བཞུགས་ཡུན་རིང་ཤོས་ཀྱི་ཞིབ་འཇུག་པ་དང་པོའི་གྲས་ཀྱི་གཅིག David Snellgrove(Nineways of Bon: Excepts from gzibrjid,2009)སྟེ། སྐུ་ཞབསSnellgroveནི་ནུབ་ཕྱོགས་ཀྱི་ཡུལ་དུ་བོན་ལ་ཞིབ་འཇུག་མཛད་མཁན་ཨང་དང་པོ་དེ་ཡིན་ལ། ཁོང་གི་བརྩམས་གནང་མཛད་པའི་ལྗགས་རྩོམ་རྣམས་ད་ལྟ་བོད་རིག་པར་ཞིབ་འཇུག་བྱེད་མཁན་རྣམས་ཀྱིས་ངེས་པར་དུ་བལྟ་ཀློག་བྱ་དགོས་པའི་གཞུང་ལུགས་ལྟ་བུ་ཞིག་ཏུ་གྱུར་ཡོད། སྐུ་ཞབས Per Kvaerne(The Bon Religion of Tibet:the Iconography of a Living tradition,2001)འམ། ཡང་ན་ཕེར་ཀེ་བེར་ན་ལགས[Chronological Table of the Bonpo: The bstanrtsis of nyimabstan'dzin, Acta Orientalia XXXIII (Copenhagen,1971)]ཀྱིས་མཁན་ཆེན་ཉི་མ་བསྟན་འཛིན(1813)གྱི་བསྟན་རྩིས་དབྱིན་ཡིག་ཏུ་བསྒྱུར་བའི་ནང་བོན་གྱི་གཏེར་སྟོན་རྣམས་དང་། གཏེར་ཐོན་ལུགས། དུས་ཚིགས་བཅས་གསལ་བར་སྣང་། ཧྥ་རན་སི་རྒྱལ་ཁབ་གྱི་བོན་པོ་ཞིབ་འཇུག་གི་ལས་དོན R·A·Stein(Tibetan civilization,1972),Samten Karmayལགས་ཀྱི་བོན་གྱི་ལོ་རྒྱུས་དེབ་ཐེར་ལེགས་བཤད་མཛོད་ལ་དཔྱད་པ(The Treasury of Good sayings:the Tibetan History of Bon,1972)དང་བོན་གྱི་ལོ་རྒྱུས་དང་བསྟན་པ་སྤྱིའི་རྣམ་བཤད(A General Introduction to the History and Doctrines of Bon,Toyo Bunko,1975,187)ཞེས་པའི་གཡུང་དྲུང་བོན་གྱི་ལོ་རྒྱུས་དང་། གྲུབ་མཐའི་སྤྱི་བཤད་ནང་གཡུང་དྲུང་བོན་གྱི་བཀའ་འགྱུར་སྐོར་བཤད་པའི་སྐབས་གཡུང་དྲུང་བོན་གྱི་གཏེར་གྱི་ལོ་རྒྱུས་སྐོར་ཅུང་བཤད་པ་ཡོད། འོན་ཀྱང་གཡུང་དྲུང་བོན་གྱི་གཏེར་མའི་ཡིག་ཆའི་ཁྲོད་ན་བཞུགས་པའི་བོན་གྱི་ཇོ་མོའི་རྣམ་ཐར་ཡིག་ཆར་མི་རྣམས་ཀྱིས་དོ་སྣང་ཆེན་པོ་མ་བྱས་པས། མིག་སྔའི་བར་དུ་བོན་གྱི་ཇོ་མོའི་རྣམ་ཐར་ལ་ཞིབ་འཇུག་གི་གྲུབ་འབྲས་ཆེན་པོ་བྱུང་མེད། ལྷག་པར་དུ་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁྲོད་བདེ་ཆེན་ཆོས་ཀྱི་དབང་མོས་རྟ་ལོར་རྒྱལ་མོ་མུ་རྡོ་ནས་གཏེར་དུ་བཏོན་པའི་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་ཞིབ་འཇུག་བྱས་པ་དེ་འདྲ་མི་འདང་ལ། ད་ལྟའི་དུས་འདིར་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་བོན་གྱི་གཏེར་མ་ཡིག་ཆ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་ལ་ཆེད་དུ་ཞིབ་འཇུག་བྱེད་མཁན་ཤིན་ཏུ་དཀོན།

  བོད་ཡུལ་འདིར་མི་ལོ་བརྒྱ་སྟོང་དུ་མའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ནང་བུད་མེད་ལོ་རྒྱུས་མི་སྣ་བགྲངས་ཀྱིས་མི་ལང་བ་ཞིག་བྱུང་ཡོད་མོད། ཤུགས་རྐྱེན་མང་པོའི་དབང་གིས་དེ་ཚོའི་རྣམ་ཐར་ཡི་གེའི་ལམ་དུ་བཀོད་ཡོད་པ་ཧ་ཅང་ཉུང་ངུར་ཟད་ཅིང་། བོད་ཡིག་གི་རྣམ་ཐར་ཡིག་ཆའི་ནང་དུ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་སོགས་བཞུགས་པ་མ་གཏོགས་དེ་ལ་ཆེད་དུ་དམིགས་ནས་ཞིབ་འཇུག་བྱས་ཡོད་པ་ནི་མེད། རྣམ་ཐར་དེ་ནི་བོད་པ་རང་གི་ནང་ཁུལ་ནས་གཏེར་ནས་བཏོན་པ་དང་པར་སྐྲུན་བྱས་པ་དང་བོན་གྱི་ཇོ་མོའི་སྐོར་གྱི་གཏེར་མ་གཅིག་པུ་ཡིན་ནའང་བོད་རིགས་ཀྱི་ནང་ཁུལ་ནས་ད་སྔའི་བར་རྣམ་ཐར་དེའི་སྐོར་ལ་མཐོང་ཆེན་དང་ཆེད་དུ་དཔྱད་པ་གནང་མཁན་གྱི་ཞིབ་འཇུག་པ་གཅིག་ཀྱང་མཐོང་ཡུལ་དུ་མ་སྣང་།

  ཡིན་ནའང་རྒྱལ་སྤྱིའི་བོད་ཀྱི་ཤེས་རིག་ལ་ཞིབ་འཇུག་གནང་མཁན་རྣམས་ཀྱིས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་སྐོར་ལ་རྒྱུས་ལོན་བྱས་ནས་དུས་ཡུན་ངེས་ཅན་ཞིག་འགོར་ཡོད་པས། ཐོག་མར་རྒྱལ་སྤྱིའི་ཞིབ་འཇུག་གི་གནས་བབས་སྐོར་རགས་ཙམ་གླེང་བར་བྱ་སྟེ།

  ཐོག་མར་བདེ་ཆེན་ཆོས་ཀྱི་དབང་མོས་གཏེར་ནས་བཏོན་པའི་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་སྐོར་ལ་དབྱེ་ཞིབ་བྱས་པ་ནི་ཡི་ཏ་ལིས་ཀྱི་བུད་མེད་ཞིབ་འཇུག་པ་དོ་ན་ཐེ་ལ་རོ་སུས(Donatella Rossi)ཡིན། དོ་ན་ཐེ་ལ་རོ་སུས(Donatella Rossi)ནི་ནུབ་ཕྱོགས་པའི་བོད་རིག་པའི་ཆེད་མཁས་ཁྲོད་བདེ་ཆེན་དབང་མོས་གཏེར་དུ་བཏོན་པའི་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་ལ་ཞིབ་འཇུག་གནང་མཁན་སྔ་གྲས་ཡིན་པ་དང་། ཁོ་མོའི2008ལོརSacred Female Biographies in the Bon Religion:A20th Century Gter-maཞེས་པའི་དཔྱད་རྩོམ་གྱི་ཁྲོད་དུ་མཁའ་འགྲོ་བདེ་ཆེན་ཆོས་ཀྱི་དབང་མོས་གཏེར་ནས་བཏོན་པའི་བོན་པོའི་ཇོ་མོའི་རྣམ་ཐར་ཕྱོགས་བསྒྲིགས《ཟབ་གསང་མཁའ་འགྲོ་རྒྱ་མཚོའི་སྙིང་ཐིག་རྣམ་ཐར་གསང་བའི་མཛོད་ཆེན་ཉི་མའི་སྙིང་པོ་མུན་སེལ་སྒྲོན་མེ》ཡི་ནང་གི་རྣམ་ཐར་སོ་སོ་ངོ་སྤྲོད་མདོར་བསྡུས་དང་དེའི་གཏེར་སྟོན་མཁའ་འགྲོ་བདེ་ཆེན་ཆོས་ཀྱི་དབང་མོ་སོགས་ལ་དཔྱད་པ་མཛད་ཡོད་ལ་འདི་ནི་བོན་གྱི་གཏེར་མ་ཡིག་ཆ་་་་་་་《མཁའ་འགྲོའི་རྣམ་ཐར》གྱི་སྐོར་ལ་ཞིབ་འཇུག་བྱས་པའི་དཔྱད་འབྲས་སྔ་ཤོས་སུ་མཐོང་། དོ་ན་ཐེ་ལ་རོ་སུས(Donatella Rossi)ལས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་སྐོར་ཞིབ་འཇུག་གནང་མཁན་ནི་སྙན་གྲགས་ཕྱོགས་སུ་རྒྱས་པའི་བོད་རིག་པའི་མཁས་པ་ཆེན་མོ་ཇ་ནེ་ཐི་རྒྱ་མཚོ(Janet Gyatso)ཡིན།

  བོད་རིག་པའི་མཁས་པ་ཆེན་མོ་ཇ་ནེ་ཐི་རྒྱ་མཚོས(Janet Gyatso)2006ལོར་བརྩམས་པའི(A Partial Genealogy of the Life Story of Yeshes Mtsho Rgyal)ཞེས་པའི་དཔྱད་རྩོམ་ཞིག་སྤེལ་ནས་དུས་རབས་བཅུ་བཞི་པའི་དྲི་མེད་ཀུན་དགའ་སྙིང་པོས་གཏེར་ནས་བཏོན་པའི་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་གཞིར་བཟུང་ནས་བརྩམས་ཡོད་ལ། དཔྱད་རྩོམ་དེའི་ནང་དོན་གཙོ་བོ་དྲི་མེད་ཀུན་དགའ་སྙིང་པོ་དང་སྟག་ཤམ་རྡོ་རྗེ་གཉིས་ཀྱིས་གཏེར་ནས་བཏོན་པའི་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་གཉིས་ལ་དཔྱད་བསྡུར་བྱས་པའི་ཞིབ་འཇུག་གི་འབྲས་བུ་ཞིག་རེད་ལ། དེའི་ཞོར་ནས་བདེ་ཆེན་ཆོས་ཀྱི་དབང་མོས་གཏེར་ནས་བཏོན་པའི་གཏེར་མ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་དེའི་སྐོར་ལ་ངོ་སྤྲོད་ཞུས་ཟིན་པའི་དཔྱད་རྩོམ་གཉིས་ལས་གཞན་བདེ་ཆེན་ཆོས་ཀྱི་དབང་མོས་གཏེར་ནས་བཏོན་པའི་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་ལ་ཞིབ་འཇུག་བྱས་པའི་འབྲས་བུ་ཡོད་པ་ད་བར་མ་མཐོང་ངོ་། །

  Keith Dowmanཀྱི་བོད་ཡིག་ནས་དབྱིན་ཡིག་གི་བསྒྱུར་རྩོམ《Sky Dancer The Secret Life and Songs of the Lady Yeshse Tsogyel》གྱི་ནང་དོན་གཙོ་བོ་གཉིས་ཡོད་པ་དང་། དང་པོ་སྟག་ཤམ་རྡོ་རྗེས་གཏེར་ནས་བཏོན་པའི་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་བོད་ཡིག་ནས་དབྱིན་ཡིག་ཏུ་བསྒྱུར་པ་དང་། གཉིས་པ་ནི་རྣམ་ཐར་དེའི་གཙོ་གནད་འགའ་ལ་འགྲེལ་བ་དང་དཔྱད་པ་བྱས་འདུག

  Padmakaraཡི་ཡིག་སྒྱུར་ཚོགས་པས་བོད་ཡིག་ནས་དབྱིན་ཡིག་ཏུ་བསྒྱུར། Gyalwa ChangchubདངNamkhai Nyingpoབརྩམས། Lady of the Lotus-Born The Life and Enlightenment of Yeshe Tsogyalཞེས་པའི་དཔེ་བདེ་འདི་ནི་སྟག་ཤམ་བསམ་གཏན་གླིང་པས་གཏེར་ནས་བཏོན་པའི་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་ཞིག་ཡིན།

  གཉིས་པ། རྒྱ་ཡིག་གི་ལམ་ནས་ཐོན་པའི་དཔྱད་འབྲས་གཙོ་བོ།

  ཟབ་མོ་གཏེར་མའམ་གཏེར་ཡིག་ནི་བོད་དུ་དར་ཁྱབ་ཆེན་པོ་བྱུང་བ་དང་ཁྱད་པར་དུ་བོན་དང་རྙིང་མའི་ཆོས་ལུགས་དང་འབྲེལ་བའི་གསང་སྔགས་ཀྱི་ཆོས་ཕྱོགས་སུ་དར་ཁྱབ་ཤིན་ཏུ་ཆེ། ཡིན་ནའང་རྒྱ་ཡིག་ཏུ་ད་བར་དུ་བོན་གྱི་གཏེར་མ་ཡིག་ཆ་མཁའ་འགྲོའི་རྣམ་ཐར་སྐོར་དམིགས་བསལ་གྱི་དཔྱིས་ཕྱིན་པའི་ཉམས་ཞིབ་གང་ཡང་བྱུང་མེད། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་སྐོར་ཞིབ་འཇུག་བྱེད་མཁན་ཉུང་ཤས་བྱུང་བའི་ནང་ནས་བོན་ལུགས་ཀྱི་གཏེར་མ་ཡིག་ཆ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་དང་དེའི་གཏེར་སྟོན་སྐོར་ད་བར་གཅིག་ཀྱང་བྱུང་མེད། རྒྱ་ཡིག་གི་ཐད་ནས་བོད་རིག་པར་སློབ་གཉེར་དང་ཞིབ་འཇུག་བྱེད་མཁན་ཕལ་ཆེ་བ་ཡིས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་བན་ལུགས་ཀྱི་རྣམ་ཐར་ལས་བོན་ལུགས་ཀྱི་རྣམ་ཐར་ཡང་ཡོད་པ་མཁྱེན་མཁན་ཧ་ཅང་ཉུང་པར་སྙམ།

  དེའི་ཕྱིར་རྒྱ་ཡིག་གི་ལམ་ནས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་འདིའི་ཕྱོགས་ལ་ཆེད་དུ་དཔྱད་བརྗོད་དང་ཞིབ་འཇུག་གནང་མཁན་ཉུང་ཤས་ལས་ཕྲན་གྱིས་མཐོང་བའི་ཚབ་མཚོན་ལྡན་པའི་དེབ་དང་དཔྱད་རྩོམ་ཁ་ཤས་ནི་གཤམ་གསལ་ལྟར།

  བོད་ཀྱི་བུད་མེད་ཞིབ་འཇུག་པ་བདེ་སྐྱིད་སྒྲོལ་མ་ལགས་ཀྱིས་བརྩམས་པའི"ཚྭཱིཌྱིཧྣཱཔྲཱྀཏྞསྡཕྭུགྪཊྲེལྤུཁླཥྭིཁ྄ཕྭོསྱ"ཞེས་བྱ་བའི་དཔྱད་རྩོམ་དེ་ནི་ཚབ་མཚོན་རང་བཞིན་ལྡན་པའི་བརྩམས་ཆོས་ཤིག་ཡིན་པ་དང་། ཁོ་མོ་ནི་བོད་རིག་པའི་ཞིབ་འཇུག་ཁྲོད་བོད་ཀྱི་བུད་མེད་ལ་ཞིབ་འཇུག་གནང་མཁན་གྱི་སྔ་གྲས་ཡིན་པ་དང་། ཁོ་མོའི་དཔྱད་རྩོམ་དེའི་ནང་དོན་གཙོ་བོ་སྟག་ཤམ་རྡོ་རྗེས་གཏེར་ནས་བཏོན་པའི་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་གཞིར་བྱས་ནས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་མཛད་རྗེས་ལ་དཔྱད་པ་བྱས་ཡོད་པ་ལས། མཁའ་འགྲོ་བདེ་ཆེན་ཆོས་ཀྱི་དབང་མོས་བཏོན་པའི་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་ལ་ཚིག་གཅིག་ཀྱང་བྲིས་མེད་པ་དང་། དེ་མ་གཏོགས་ཁོ་མོའི་སྤྱི་ལོར2003ལོར་དཔར་བསྐྲུན་བྱས་པའི་བརྩམས་ཆོས་བོད་བརྒྱུད་ནང་བསྟན་གྱི་རབ་བྱུང་མའི་ཞིབ་འཇུག《ཕྲུརྣོ༠༾ཀྟིརྐིམྱཾཧྣཱཀྣུཀྪོོཏྶཾ》ཅེས་པའི་ནང་། དོན་ཚན་གཅིག་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་སྐོར་ཡིན། གཞན་བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་མ་བདེ་སྐྱིད་དབྱངས་འཛོམས་ཀྱིས2011ལོར་བྲིས་པའི"སྔྱུཉྲེཏིཾསྒེཕྲུཏྚིཧྣཱཀྣུརྔྷཱཕྲུརྣོ༠༾ཀྟི-ཁྥུམྔཎླུགྪཊྲེལྤུཁླ、ལླཱཤྱེསྪཾཉྫེཋྱོཀྵྞ"ཞེས་པའི་མཐའ་ཕྱིན་དཔྱད་རྩོམ་དུ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང་བོད་ཀྱི་ནང་བསྟན་བར་གྱི་འབྲེལ་པ་གླེང་ཡོད་དོ། །

  གསུམ་པ། བོད་ཡིག་གི་ལམ་ནས་ཐོན་པའི་དཔྱད་འབྲས་གཙོ་བོ།

  བོད་ཡིག་གི་ལམ་ནས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་སྐོར་གྱི་དེང་རབས་ཞིབ་འཇུག་གི་དཔྱད་འབྲས་མ་བརྗོད་གོང་། འདིར་ཐོག་མ་གླེང་འདོད་པ་ཞིག་ནི་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང་འབྲེལ་བའི་སྔ་རབས་ཀྱི་བརྩམས་ཆོས་འགའ་ལ་དཔྱད་པར་བྱའོ། །

  སྦ་བཞེད་ལས། "ཇོ་མོ་ལྔ་ཁབ་དུ་བཞེས་པ་ལ། མཆིམས་བཟའ་ལྷ་མོ་བཙན་དང་། །མཁར་ཆེན་བཟའ་མཚོ་རྒྱལ་གཉིས་སྒྲུབ་པ་མཛད་པས་ཕྱག་རིས་མེད་དོ། །"ཅེས་དང་། མཁས་པ་ལྡེའུས་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་ལས། "སྲིད་མ་ཟིན་པའི་ཇོ་མོ་བརྒྱད་ལ། ལྗང་མོ་ཁྲི་བཙུན་སྙེན་སྟེངས་སྙེན་མ་ལོད། འབྲོ་བཟའ་མ་ཁང་གསིང་མ་ལོད། ཚེ་སྤོང་བཟའ་ཁྲི་མ་གུང་རྒྱལ། འབྲོ་བཙུན་ཁྲི་མོ་ལེགས། མཁར་ཆེན་བཟའ་མཚོ་རྒྱལ། ཞང་ཞུང་བཟའ་སྔོ་བཞེར་ལིག་ཏིག་སྨན། འཆིམས་བཟའ་དང་བརྒྱད་བང་སོར་བརྩིགས་སོ"ཅེས་སོགས། དེ་མ་ཟད་ཉང་རལ་ཉི་མ་འོད་ཟེར་གྱིས་མཛད་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་རྣམ་ཐར་རིན་པོ་ཆེའི་ཕྲེང་བ། ཨུ་རྒྱན་བསྟན་འཕེལ་རྒྱལ་མཚན། (1980)དང་སློབ་དཔོན་པདྨ་འབྱུང་གནས་ཀྱི་རྣམ་ཐར་ཟང་གླིང་མ་ནང་གི་ཉང་རལ་གྱི་མཛད་པའི་སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐྱེས་རབས་ཆོས་འབྱུང་ནོར་བུའི་ཕྲེང་བ། (སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1989ལོ།) པདྨ་བཀའ་ཐང་། (ཨོ་རྒྱན་གླིང་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1993ལོ།) བཀའ་ཐང་སྡེ་ལྔ(ཨོ་རྒྱན་གླིང་པ། མི་རིགས་དཔེ་སྐྲུན་ཁང་། 1986ལོ།) སོགས་སྔ་རབས་ཀྱི་ཡིག་ཆའི་ནང་དུ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་སྐོར་རིང་ཐུང་མི་གཅིག་པའི་སྒོ་ནས་བྲིས་ཡོད་ལ། ཡིག་ཆ་ལ་ལའི་ནང་དུ་མཁར་ཆེན་བཟའ་ཞེས་བྲིས་ཡོད་ལ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཞེས་པའི་མཚན་འདི་མ་མཐོང་། ཡིག་ཆ་འདི་ཚོའི་རྩོམ་པ་པོ་དང་དུས་རབས་མི་གཅིག་ནའང་དེ་ཚོ་ཚང་མ་ལ་ཐུན་མོང་གི་ཁྱད་ཆོས་ཤིག་ཡོད་པ་ནི་། གོང་གི་བོད་ཡིག་གི་ཡིག་ཆ་ཚང་མ་སངས་རྒྱས་བན་ལུགས་ཀྱི་ཡིག་ཆ་ཡིན་པ་དང་། ཡིག་ཆ་འདི་དག་ཚང་མར་བོན་ལུགས་ཀྱི་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་སྐོར་ལ་ཚིག་གཅིག་ཀྱང་བྲིས་མེད།

  དེ་ཡང་དེང་རབས་ཀྱི་ཞིབ་འཇུག་གི་ཁྲོད་ནས་བོད་ལྗོངས་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་བསོད་ནམས་རིན་ཆེན་གྱི"མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་ལས་བན་བོན་བར་གྱི་རྩོད་གླེང་སྐོར་རགས་ཙམ་གླེང་བ"ཞེས་པའི་དཔྱད་རྩོམ་འདི་ནི་མིག་སྔར་བོད་ཡིག་གི་ཐད་ནས་འགྲེམས་སྤེལ་བྱས་པའི་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་སྐོར་གྱི་དཔྱད་རྩོམ་གཅིག་པུ་ཡིན་པར་སྙམ། དཔྱད་རྩོམ་འདིར་གཙོ་བོ་སྟག་ཤམ་རྡོ་རྗེས་གཏེར་ནས་བཏོན་པའི་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་གྱི་ནང་གི་བན་བོན་བར་དུ་རྩོད་གླེང་གི་བྱུང་ཚུལ་དང་བན་བོན་བར་གྱི་རྩོད་གླེང་གི་རྒྱལ་ཕམ། བན་བོན་བར་གྱི་རྩོད་གླེང་ལས་བོན་རྣམས་ཕམ་པའི་རྒྱུ་རྐྱེན་སོགས་ཀྱི་སྐོར་ལ་དཔྱད་པ་བྱས་ཡོད། དཔྱད་རྩོམ་འདིའང་གོང་གི་རྒྱ་ཡིག་གི་དཔྱད་རྩོམ་དང་འདྲ་བར། དེའི་ནང་དུ་བོན་ལུགས་ཀྱི་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་གྱི་སྐོར་ལ་གཅིག་ཀྱང་བཤད་མེད།

  མདོར་ན། རྒྱལ་ཁབ་ཕྱི་ནང་དང་གནའ་དེང་གང་ནས་བལྟས་ཀྱང་བདེ་ཆེན་དབང་མོས་གཏེར་ནས་བཏོན་པའི་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་ལ་ཞིབ་འཇུག་བྱས་པ་ནི་ཆ་ཙམ་དང་། རགས་ཙམ། འགོ་བརྩམས་པ་ཙམ་ཡིན་ཕྱིར། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་ཕྱོགས་ཡོངས་ནས་འཐུས་སྒོ་ཚང་བ་དང་ལུང་རྒྱབ་ལ་བརྟེན་ཞིང་རིགས་པ་རྒྱུ་མཚན་དུ་བཀོད་ནས་གསོང་པོར་ཞིབ་འཇུག་བྱེད་རྒྱུ་ནི། རང་རེའི་ལོ་རྒྱུས་རིག་པ་ལ་སློབ་སྦྱོང་དང་གཏེར་མ་ཡིག་ཆ་ལ་སློབ་སྦྱོང་དང་ཞིབ་འཇུག་བྱེད་མཁན་ཀུན་གྱིས་གཡོལ་ཐབས་མེད་པའི་འོས་འགན་དུ་གྱུར་ཡོད།

རྩོམ་པ་པོ། དཀོན་མཆོག་ཚེ་རིང་།