རས་གཞིའི་རྒྱུ་དང་བཟོ་ཐབས།

དཀོན་མཆོག་བསྟན་འཛིན།འཕྲིན་ལས་རྒྱལ་མཚན།    བོད་ཀྱི་ལག་ཤེས་ཀུན་འདུས་ཆེན་མོ།    2011-02-25

རས་གཞིའི་རྒྱུ་དང་བཟོ་ཐབས།
རས་གཞིར་འོས་པའི་རས་རྒྱུའི་ཆ་རྐྱེན་ནི།གཞི་དཀར་པོ།ངོ་མཁྲེག་ཅིང་འཇམ་པ།སྐུད་མདུད་དང་།བུག་རྡོལ།སྣུམ་དྲེག་མེད་པའི་ཀ་ཤི་ཀ་ལ་སོགས་ཤིང་བལ་དག་མ་ལས་བཏགས་ཤིང་རྫས་འགྱུར་གྱི་བལ་མི་འདྲེས་པའི་རས་ཀྱིས་འོས་ལ།དེ་ལ་ཐོག་མར་ཐང་ཀ་ཆེ་ཆུང་གང་འདོད་པའི་ཚད་དང་མཐུན་པ་དྲས་ཏེ་སྣོད་གཙང་མའི་ནང་དུ་ལེགས་པར་བཀྲུས་ནས་སྐམ་དུ་བཅུག དེ་ལྟར་མ་གྲུབ་ན།ཐོག་མར་སྐུད་པ་ཤེད་ཅན་གྱིས་ཁབ་ཚིགས་མཛུབ་གུ་ཐར་ཙམ་གྱི་རྒྱང་ཕྲན་ལ་དྲངས།དེ་ནས་དར་སྐུད་སོགས་སྲོག་སྲ་ཞིང་སྤུ་ལོག་མི་འབྱུང་བའི་ཐག་པ་ཕྲ་མོས་རྒྱོང་ཤིང་ལ་དྲང་བར།འདྲེན་ཞོར་དང་མཐེ་བོས་འཐེན་ཞོར་གྱིས་མཐའ་ནས་བསྐོར་ཞིང་ཟུར་བཞི་ནས་མ་ཤོར་ལ།གྲུ་ཡོ་སོག་ཀ་མེད་པར་བརྒྱངས་ནས།ངོས་འཇམ་པོར་འབྱུང་ཐབས་སུ་ཡང་བསྐྱར་བཞར་གྲི་རྣོན་པོས་རི་མོ་འབྲི་བའི་ངོས་ཀྱི་རས་ཤ་བཅད་མཐར་ཆུ་དྭངས་མས་ཆ་སྙོམས་པར་བྱུགས་ཏེ་ཐང་ཤ་ཆོད་ངོས་སུ་ཡང་བསྐྱར་བརྒྱངས་ནས་སྐམ་དུ་བཅུག དེ་ནས་སྤྱིན་ཆུ་གར་སླ་མཛུབ་གུས་བཙིར་ན་འབྱར་སྣང་ཙམ་འབྱུང་བའི་ཚད་ཅན་གྱིས་ལན་གཅིག་བྱུགས་ནས་ཡང་མཐེ་མོས་མཐའ་ནས་བསྐོར་ཏེ་བསྡོམ།བསྐམས་བཐར་ས་དཀར་གར་སླ་རན་པའི་ཆུས་ལན་གཉིས་བྱུགས་པའི་མིང་ལ་དཀར་གཞིའམ་དཀར་གདན་ཞེས་ཏེ།མདུན་ངོས་སུ་ཐེངས་གསུམ་དང་རྒྱབ་ངོས་སུ་ཐེངས་གཉིས་ཙམ་སྙོམས་པར་བྱུགས།དཀར་ཞད་ཆེ་ན་ཚོན་གྱིས་ནོན་དཀའ་ཞིང་ནག་ཆེ་ན་ཚོན་ཁ་མི་གསལ་བས་དཀར་ཚད་རན་པ་དང་།དམ་ཆེ་ན་གད་ཉེན་དང་།ཆུང་ན་ཚོན་གོག་པ་ཡིན་པས་དམ་ཚོད་ཟིན་པ་དང་།དཀར་གཞི་སྲབ་མཐུག་གི་ཚད་གནམ་གྱི་སྐར་མ་ཙག་ཙིག་ཙམ་ཟེར་བས།རས་གཞིའི་རྒྱབ་ནས་མཁའ་ལ་བལྟས་ན་ནམ་མཁའ་གཡའ་དྭངས་པའི་དགོང་ཀའི་སྐར་མ་ཇི་བཞིན་དུ་མཐོང་བ་ནི་ཚད་དུ་བཤད་དེ།
 དེ་ལ་དབུར་རྡོ་རྩུབ་ཞད་ཅན་གྱིས་སྲ་ཤིང་གི་ཤིང་ལེབ་ངོས་སྙོམས་ཤིང་འཇམ་པའམ་ཡང་ན་ཤེལ་མཐུག་གི་དབུར་གདན་སྟེང་དུ་རློན་དབུར་ཐེངས་གཉིས་ནས་གསུམ་གྱི་བར་དུ་བྱས་ཤིང་སྐམ་མཐར་སྐམ་དབུར་ལན་བཞི་ལྔ་ཙམ་གྱིས་དབུར་མཇུག་བཅད་ལ།རློན་དབུར་གྱིས་རས་སྙིང་དང་ས་སྙིགས་ཐུལ་ཞིང་།སྐམ་དབུར་གྱིས་ངོས་འཇམ་ཞིང་འོད་དང་ལྡན་པར་བྱེད་དོ།།


  • ལེ་ཚན་སྔོན་མ།:ཐང་གའི་རས་གཞི་བཟོ་བའི་ལག་ཤེས།
  • ལེ་ཚན་རྗེས་མ།:རས་གཞི་ལེགས་པའི་ཚད།
  • དོ་སྣང་ཆེ་བའི་རྩོམ།