༄༅།།རྒྱ་བོད་སྐད་རྒྱུད་ངོ་སྤྲོད་དང་སྦྲགས་རྒྱ་བོད་སྐད་གཉིས་ཀྱི་གཉེན་ཚན་འབྲེལ་བ་རགས་ཙམ་གླེང་བ།

རྩོམ་པ་པོ།:རྣམ་རྒྱལ་བཀྲ་ཤིས་དང་སྐལ་བཟང་ཡེ ཡོང་ཁུངས།: ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། དུས་ཚོད།:2021-02-02 09:23:38 ཀློག་གྲངས།:
        ཀྲུང་གོ་ནི་མི་འབོར་མང་ལ་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད། སྐད་རིགས་ཀྱང་སྣ་མང་ཕུན་སུམ་ཚོགས་པའི་རྒྱལ་ཁབ་ཅིག་རེད། རྒྱ་བོད་སྐད་རྒྱུད(汉藏语系Sino-Tibetan languages)ཀྱི་ཞིབ་འཇུག་ནི་སྤྱི་ལོའི་དུས་རབས་བཅུ་དགུའི་དུས་མགོ་ཙམ་ལ་ཕྱི་གླིང་གི་མཁས་པས་འགོ་བརྩམས་ཤིང་། དེའི་སྐབས་སུ་ཧིན་རྡུ་དང་རྒྱ་སྐད་སྐད་རྒྱུད(印度汉语语系 Indo-Chinese Family)ཞེས་དང་། ཡང་བོད་རྒྱའི་སྐད་རྒྱུད་(藏汉语系 Tibeto-Chinese Family)དེ་མིན་རྒྱ་སྐད་སྐད་རྒྱུད(汉语语系Sinitic Family)སོགས་འབོད་སྲོལ་མི་འདྲ་བ་འགའ་ཤས་བྱུང་འདུག སྤྱི་ལོའི་དུས་རབས་བཅུ་དགུའི་དུས་མཇུག་ཙམ་ལ་འཇར་མན་གྱི་ཨའོ་རྒ་སི་ཏ་ཁོན་ར་ཏི(孔好古August Conrady) ཡིས་རྒྱ་བོད་སྐད་རྒྱུད་ཀྱི་རིགས་ཁོངས་དབྱེ་བ་ཕྱེ་གནང་ཞིང་། དེ་རྗེས་དུས་རབས་ཉི་ཤུའི་ལོ་རབས་སུམ་ཅུའི་མཇུག་ཙམ་ལ་ཨ་རི་བ་ཤ་ཧྥེར(谢飞Shafer)གྱིས་རྒྱ་བོད་སྐད་རྒྱུད་ཅེས་པའི་ཐ་སྙད་འདི་ཐོག་མར་བེད་སྤྱོད་གནང་བས། དུས་དེ་ནས་བཟུང་ཐ་སྙད་འདི་སྐད་བརྡ་རིག་པའི་ཞིབ་འཇུག་ཁྲོད་རིམ་བཞིན་གཏན་འཇགས་སུ་སོང་གཤིས།
        རྒྱ་བོད་སྐད་རྒྱུད་ནི་ཧིན་རྡུ་དང་ཡོ་རོབ་སྐད་རྒྱུད(印欧语系 Indo-European languages)ཕུད་པའི་འཛམ་གླིང་དུ་བེད་སྤྱོད་བྱེད་མཁན་མི་འབོར་མང་ཤོས་ཀྱི་སྐད་རྒྱུད་ཆེ་གྲས་ཤིག་ཡིན་པ་དང་། ཀྲུང་གོའི་མི་རིགས་ལྔ་བཅུ་ང་དྲུག་གི་ཁྲོད་མི་རིགས་སུམ་ཅུ་སོ་གཉིས་ཀྱིས་རྒྱ་བོད་སྐད་རྒྱུད་ཁོངས་ཀྱི་སྐད་རིགས་སུམ་ཅུ་སོ་ལྔ་ཙམ་བེད་སྤྱོད་བྱེད་བཞིན་ཡོད་པ་མ་ཟད་མི་འབོར་ཡང་དུང་ཕྱུར་བཅུ་ལྷག་ཡོད་སྐད། རྒྱལ་ནང་གི་མཁས་པའི་བཞེད་པ་ལྟར་ན། སྤྱིར་རྒྱ་བོད་སྐད་རྒྱུད་ལ་རྒྱ་སྐད་དང་བོད་འབར། ཀྲོང་ཏུང(壮侗) མེའོ་ཡའོ(苗瑶)བཅས་སྐད་ཚོགས་བཞི་ལས་གྲུབ་པར་འདོད་ཅིང་། མིག་སྔར་རྒྱ་བོད་སྐད་རྒྱུད་ཀྱི་རིགས་ཁོངས་དབྱེ་བ་ཇི་ལྟར་འབྱེད་མིན་ཐད་རྒྱལ་ཕྱི་རྒྱལ་ནང་གི་མཁས་པའི་བཞེད་པ་མི་མཐུན་ཡང་བོད་སྐད་ནི་རྒྱ་བོད་སྐད་རྒྱུད་ཁྲོད་གནས་བབ་མཐོ་ལ་རིན་ཐང་ཆེ་བའི་སྐད་རིགས་ཤིག་ཡིན་པ་ནི་སྐད་རྒྱུད་དེ་རང་གི་མིང་འདོགས་སྲོལ་ལས་མཚོན་ནུས། རྒྱལ་ནང་ལ་བོད་འབར་སྐད་ཚོགས་ཀྱི་སྐད་རིགས་བེད་སྤྱོད་བྱེད་མཁན་མི་གྲངས་བྱེ་བ་བཅོ་ལྔ་དང་འབུམ་དྲུག་ལྷག་ཡོད་པ་དེ་དག་བོད་རང་སྐྱོང་ལྗོངས་དང་། མཚོ་སྔོན། ཀན་སུའུ། ཟི་ཁྲོན། ཡུན་ནན། ཀུད་ཀྲོའུ། ཧུ་ནན། ཧུ་པེ་དང་ཀོང་ཞིའི་ཀྲོང་རིགས་རང་སྐྱོང་ལྗོངས་སོགས་སུ་ཁྱབ་ཡོད་པ་མ་ཟད། དེ་མིན་འབར་མ་དང་རྒྱ་གར། བལ་ཡུལ། འབྲས་ལྗོངས། འབྲུག་པ། ཐེ་ལན་ཊི་སོགས་རྒྱལ་ཁབ་དང་ས་ཁུལ་ཁག་ཏུའང་བོད་འབར་སྐད་ཚོགས་ཀྱི་སྐད་རིགས་བེད་སྤྱོད་བྱེད་བཞིན་ཡོད།
        དེང་རབས་གནའ་རྫས་བརྟག་ཞིབ་རིག་པ་དང་སྐད་བརྡ་རིག་པའི་ཞིབ་འཇུག་ལས་ཀྲུང་གོའི་རྡོ་ཆས་རྙིང་མའི་དུས་རབས་ནི་གདོད་མའི་རྒྱ་བོད་སྐད(原始汉藏语)བྱུང་བ་དང་། འཕེལ་རྒྱས་འགྲོ་བ། དེ་བཞིན་མིའི་རིགས་ཀྱི་གནས་སྤོ་དང་ཆབས་ཅིག ས་ཕྱོགས་གང་སར་དར་ཁྱབ་སོང་བའི་དུས་སྐབས་གལ་ཆེན་ཞིག་རེད་ཟེར། ལོ་ངོ་སྟོང་ཕྲག་འགའ་ཡི་ལོ་རྒྱུས་འཕེལ་རིམ་ཁྲོད་རྒྱ་སྐད་དང་བོད་སྐད་གཉིས་ལ་འགྱུར་བ་ཤིན་ཏུ་ཆེ་བ་བྱུང་བར་བརྟེན་ད་ཆ་སྐད་རིགས་གཉིས་དབར་འབྲེལ་བ་ཇི་ཙམ་མེད་པ་ལྟར་ཆགས་ཡོད། ཡིན་ནའང་སྐད་བརྡ་རིག་པའི་ཞིབ་འཇུག་ལས་རྒྱ་སྐད་དང་བོད་སྐད་གཉིས་ནི་རིགས་ཁུངས་གཅིག་པའི་སྐད་རིགས་ཡིན་པ་བསྙོན་མེད་དུ་བསྟན་དང་སྟོན་བཞིན་ཡོད་དེ། དཔེར་ན། བོད་རིགས་ཀྱིས་རྒྱ་རིགས་ལ་རྒྱ་(rgya)ཞེས་བརྗོད་པ་ནི་ཤཱ་རྒྱལ་རབས(夏王朝)ཀྱི“夏”[*grag]ཟེར་བ་ལས་བྱུང་བ་ཡིན་ཟེར་ཞིང་། “夏”ལའང་རྒྱ་ཆེ་བའི་དོན་ཡོད(夏者大也)པས་སྒྲ་དང་དོན་གཉིས་ནས་“夏”དང་རྒྱ་གཉིས་རིགས་ཁུངས་གཅིག་པའི་ཐ་སྙད་ཡིན་པར་ཁས་ལེན་བྱས་ཡོད། དེ་མིན་མཁས་པའི་ཞིབ་འཇུག་ལ་གཞིགས་ན་རྒྱ་བོད་སྐད་རྒྱུད་ཀྱི་མི་རིགས་དག་གནའ་བོའི་དུས་སུ་དམར་མཆོད་འབུལ་བ་དང་མོ་འདེབས་ལྷ་གསོལ་སོགས་ཀྱི་གདོད་མའི་ཆོས་ལུགས་ལ་མོས་དད་ཆེ་བས། སྐད་རིགས་ཁྲོད་དུའང་དེ་སྐོར་གྱི་ཐ་སྙད་གཅིག་པ་ལུས་ཡོད་གསུངས་པ་ནི་རྒྱ་སྐད“巫”ད་ལྟའི་སྤྱི་སྐད་ཀྱི[wū]མིན་པར་བོད་སྐད་ཀྱི་མོ་ལྟ་བུའི་སྒྲ[*mjag]འདོན་གྱི་ཡོད་པ་དང་། དེ་བཞིན་ཐེ་ལེན་ཊིར[mɔ] འབར་མར[hmo] མོན་སྐད་དུ[mo] རྟའུ་ལ་[mu]སོགས་ཡིན་པས་རྒྱ་སྐད“巫”དང་བོད་སྐད་ཀྱི་མོ་དེ་བཞིན་གོང་སྨྲོས་སྐད་རིགས་གཞན་རྣམས་སྐད་ཁུངས་གཅིག་པའི་སྐད་རིགས་ཡིན་པ་ཤེས་ནུས་པས་མི་ཚད། མི་རིགས་འདི་དག་གནའ་དུས་སུ་རིགས་ཁུངས་གཅིག་ཡིན་ཞིང་། ཕན་ཚུན་དབར་ཤེས་རིག་དང་དཔལ་འབྱོར་སོགས་གང་ཅིའི་ཐད་འབྲེལ་བ་དམ་ཟབ་ཡོད་པའང་མཚོན་ཐུབ། ཡང་ངེད་ཚོས་གཤེན་ཞེས་བོན་ཆོས་ཀྱི་གཤེན་རབ་མི་བོ་ཆེའི་གཤེན་དང་འབྲེལ་བའི་དཔེར་བརྗོད་གཅིག་བཞག་ན། རྒྱ་སྐད“薦”ཟེར་བ་ལ་མཆོད་པ་འབུལ་བའི་དོན་ཡོད་ཅིང(无牲而祭曰薦,薦而加牲曰祭)དེའི་སྒྲ་ནི[tsen]ལྟ་བུ་ཡིན་གཤིས། སྐད་བརྡའི་ཞིབ་འཇུག་པ་ཚོས“薦”དང་བོད་སྐད་གཤེན་གཉིས་ཁུངས་གཅིག་པའི་ཐ་སྙད(同源词)ཡིན་ཟེར། དེ་ལྟར་ཤོད་དགོས་པའི་རྒྱུ་མཚན་ནི་གནའ་རབས་རྒྱ་སྐད་ཀྱི་ལྕེ་རྩེའི་གསལ་བྱེད་དང་བོད་ཡིག་གི་ཤ(ɕ-)ཡིག་དབར་ལྟོས་ཟླའི་འབྲེལ་བ(对应关系)ཡོད་པ་ནི་གཤམ་གསལ།
(咠)*tshjəp/ɕibs-pa(ཤིབས་པ)
(薪) sjin/ɕiŋ(ཤིང)
(虱)*srijit/ɕig(ཤིག)
(悉)*sjit/ɕes(ཤེས)
(死)*sjid/ɕi(ཤི)
(薦)* tsen/gɕen(གཤེན)
        དེ་མིན་བོད་སྐད་ཀྱི་གཤེན་དང་ད་དུང་ཐེ་ལེན་ཊིའི[se:n] མེའོ(苗)སྐད་ཀྱི[ɕi]དང་། ཏེའི་སྐད་ཀྱི(傣)[ɕin]སོགས་གཅིག་མཚུངས་སུ་སྣང་བས་དེ་དག་ཚང་མ་སྤྱིར་གདོད་མའི་རྒྱ་བོད་སྐད་ལས་མཆེད་པར་སེམས། དེ་དང་འདྲ་བར་གཤམ་གྱི་རྒྱ་བོད་སྐད་གཉིས་ཀྱི་དཔེར་བརྗོད་ལས་རིགས་ཁུངས་གཅིག་གི་རྣམ་པ་དེ་བས་གསལ་བར་འགྲོ་ངེས།
(དགུ)*dgu/kiou(九)
(ང)*ŋa/ŋa(吾)
(མྱིག)*myig /mı̆əuk(目)
(ཝ)*wa~ɤa / ɤa(狐)
(ཤི)*ɕi /sı̆ei(死)
(ལྟ)*lta /ta(睹)
(དུག)*dug / duok(毒)
(ཕུག)*pug /phjəkw(復)
(བྲག)*brag /phruk(璞)
        གོང་གི་རྒྱ་བོད་སྐད་རྒྱུད་ཀྱི་ངོ་སྤྲོད་དང་ཁུངས་གཅིག་ཐ་སྙད་ཀྱི་དཔྱད་བསྡུར་མདོར་བསྡུས་ལས་སྐད་བརྡ་རིག་པ་ནས་ངེས་ཤེས་བྱུང་བ་ནི་རྒྱ་བོད་མི་རིགས་གཉིས་ནི་རིགས་ཁུངས་གཅིག་ཡིན་པ་མ་ཟད། ཆེས་སྔ་མོའི་དུས་ནས་ཕན་ཚུན་དབར་འབྲེལ་འདྲིས་ཤིན་ཏུ་ཆེ་ཞིང་ཀྲུང་ཧྭ་མི་རིགས་ཀྱི་གྲུབ་ཆ་གལ་ཆེན་ཡིན་པ་དེ་ཤེས་དགོས། (བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་། རྣམ་རྒྱལ་བཀྲ་ཤིས་དང་སྐལ་བཟང་ཡེ་ཤེས)
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།