ཐེ་ལི་ཉི་ཏའི་གླིང་ཕྲན་སྟེང་གི་པི་ཆི་མཚེའུ་སྟེ་སྣུམ་སྙིགས་མཚེའུ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-06-05 10:34:00 ཀློག་གྲངས།:

 
སྣུམ་སྙིགས་མཚེའུ།彼奇湖 Pitch Lake

     མེ་གླིང་གི་ཅ་ལེ་པི་རྒྱ་མཚོ་ཡི་ཐེ་ལི་ཉི་ཏའི་གླིང་ཕྲན་སྟེང་དུ་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ0.36ཡོད་པའི་མཚེའུ་ཞིག་ཡོད། དེ་ཡི་མིང་ལ་པི་ཆི་མཚེའུ་ཞེས་བརྗོད་ཅིང་། སྤྱིར་བཏང་གི་མཚེའུ་ཞིག་དང་གཏན་ནས་མི་འདྲ་སྟེ། མཚེའུ་དེ་ནི་ཆུས་གྲུབ་པ་ཞིག་མིན་པར། མཚེའུ་ངོས་ཡོད་ཚད་སྲ་མཁྲེགས་སུ་གྱུར་པའི་སྣུམ་སྙིགས་ཀྱིས་གཡོགས་ཡོད་པ་མ་ཟད། ད་དུང་མཚེའུ་ཡི་དཀྱིལ་དབུས་སུ་རང་བྱུང་སྣུམ་སྙིགས་རྒྱུན་མི་ཆད་པར་འཕྱུར་བཞིན་ཡོད། ངོ་མཚར་ཆེ་བའི་མཚེའུ་དེ་ནི་འཛམ་གླིང་སྟེང་གི་ཆེས་ཆེ་བའི་སྣུམ་སྙིགས་ཐོན་ཡུལ་ཡིན་ཞིང་། དེ་རུ་ཐོན་པའི་སྣུམ་སྙིགས་ཀྱི་སྤུས་ཀ་ཤིན་ཏུ་ལེགས་པས་གསེར་ནག་ཅེས་པའི་ཆོ་ལོ་མངའ།
     པི་ཆི་མཚེའུ་ཡི་རྒྱ་ཁྱོན་མི་ཆེ་ནའང་མཚེའུ་ཡི་ཞབས་ནི་གཏིང་དཔིག་མི་ཐུབ་པས། མིག་སྔར་མཚེའུ་ཡི་ཟབ་ཚད་ག་ཙམ་ཡོད་པ་ཐག་གཅོད་བྱས་མེད། སྣུམ་སྙིགས་མཚེའུ་ཡི་ངོས་སྙོམས་ལ་སྐམ་ཞིང་མཁྲེགས་པ་དང་། ནག་ཅིང་འོད་འཕྲོ་བ། བལྟས་མ་ཐག་ཏུ་ཞིབ་ཚགས་ལྡན་པའི་ཚོན་རྩི་ནག་པོའི་ཡོལ་གོ་ཞིག་དང་ཡོངས་སུ་མཚུངས་མོད། འོན་ཀྱང་དུས་ཚིགས་ཀྱི་འགྱུར་བ་དང་བསྟུན་ནས་སྣུམ་སྙིགས་མཚེའུ་ལ་རྣམ་པ་མི་འདྲ་བ་མངོན་འོང་།  ཆར་དུས་སུ་ཆར་ཆུ་སྣུམ་སྙིགས་ཀྱི་ངོས་སུ་བསོགས་ཤིང་། གནམ་ངོ་དྭངས་རྗེས་རླངས་པར་གྱུར་པ་དང་། ཀོང་ཀོང་དུ་ཡོད་སར་ཆུ་འཁྱིལ་ཞིང་། ཆུ་འཁྱིལ་བའི་གནས་སུ་ཉ་ཕྲུག་དང་ཆུ་རྩྭ་ཡོད་པས། དེ་ལྟ་བུའི་ཕྱི་ཚུལ་གྱི་རྣམ་པས་ནམ་རྒྱུན་སྲོག་ཆགས་ཁ་ཤས་ལ་བསླུ་བྲིད་ཐེབས་ཏེ། མཐའ་མར་སྣུམ་སྙིགས་དང་དམ་དུ་འབྱར་བས་མཚེའུ་དེ་རང་སྲོག་འདོར་ས་ཞིག་ཏུ་གྱུར།
     སྣུམ་སྙིགས་མཚེའུ་ཡི་ངོ་མཚར་ས་ནི་མཚེའུ་ཡིས་བཏོན་པའི་སྣུམ་སྙིགས་ཏེ། བླངས་ནས་རྫོགས་མཐའ་མེད་པ་དང་སྤྱད་ན་འཛད་མཐའ་མེད་པ་དེ་ཡིན། མིག་སྔར་མཚེའུ་ཞབས་ན་སྣུམ་སྙིགས་ག་ཚོད་ཡོད་པ་སུས་ཀྱང་མི་ཤེས་ཏེ། སྣུམ་སྙིགས་རྒྱུན་ཆད་མེད་པར་མཚེའུ་ཡི་ཞབས་ནས་ཡར་སྐྱེ་བཞིན་ཡོད་པ་དང་། བརྐོས་ནས་ག་ཚོད་ཁྱེར་ཞིང་མཚེའུ་ཞབས་སུ་ཡང་བསྐྱར་ག་ཚོད་སྐྱེས་པ་སོགས་རྟོགས་ཐབས་བྲལ་མོད། མི་རྣམས་ཀྱིས་ཤེས་རྟོགས་བྱུང་ཡོད་པ་ཞིག་ནི་ལོ་མང་བོར་བར་མ་ཆད་པར་སྣུམ་སྙིགས་སྔོག་འདོན་བྱས་ཀྱང་མཚེའུ་ཡི་ངོས་གཏན་ནས་མར་བབས་མ་མྱོང་བ་དེ་ཡིན།
     དེས་ན་སྣུམ་སྙིགས་མཚེའུ་ནི་ཇི་ལྟར་གྲུབ་པ་ཡིན་ཞེ་ན། སྣུམ་སྙིགས་མཚེའུ་ཡི་གནས་ས་ནི་ཅ་ལེ་པི་གླིང་དུམ་གྱི་ཆད་རིམ་གཉིས་ཀྱི་འབྲེལ་མཚམས་ཡིན་ལ། ཆད་རིམ་ཕན་ཚུན་བཙིར་གནོན་གྱིས་ས་འོག་གི་རྡོ་སྣུམ་དང་རང་བྱུང་སོལ་རླངས་རྒྱུན་མ་ཆད་པར་འཕྱུར་ཞིང་། བྱེ་འདམ་སོགས་དང་འདྲེས་སྦྱོར་ལས་སྣུམ་སྙིགས་བྱུང་བའོ།།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།