འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཏཱ་ལའི་བླ་མ་ནི་དགོན་པ་ནས་འདུག་རྒྱུ་ལས་སྲིད་སྟེགས་ནས་སྡོད་དགོས་པ་མ་རེད།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་26ཉིན། 15:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཏཱ་ལའི་བླ་མ་ནི་དགོན་པ་ནས་འདུག་རྒྱུ་ལས་སྲིད་སྟེགས་ནས་སྡོད་དགོས་པ་མ་རེད།
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་གྱི་དམངས་འདུན་བརྟག་དཔྱད་ནང་རྒྱབ་སྐྱོར་བྱེད་ཚད་ཨང་གཉིས་པར་ཐོན་པའི་ཧྥ་རན་སེའི་ཙུང་ཐུང་འོས་མིའམ་གཡོན་རུའི་ཏང་གི་ཀྲུའུ་ཞི་ཅེན་-ལུ་ཁི་·མའེ་ལེན་ཆོན་(Jean-Luc Mélenchon 让-吕克·梅朗雄)གྱིས་ཉེ་སྔོན་ཡོ་རོབ་སྐབས་དོན་ཚགས་པར་ཁང་གིས་ཆེད་དོན་བཅར་འདྲི་དང་ལེན་གནང་སྐབས་ཏཱ་ལའི་བླ་མ་ནི་དགོན་པ་ནས་འདུག་རྒྱུ་ལས་སྲིད་སྟེགས་ནས་སྡོད་དགོས་པ་མ་རེད་ཅེས་བསྟན་པ་རེད།
         ད་ལོར་དགུང་ལོ་65སོན་པའི་མའེ་ལེན་ཆོན་ནི་1951ལོར་ཨ་ཧྥེ་རི་ཁ་བྱང་མའི་མོ་རོ་གོ་རྒྱལ་ཁབ་ཏུ་སྐྱེས་པ་དང་། 1977ལོ་ནས་བཟུང་སྤྱི་ཚོགས་ཏང་(གཡོན་ཕྱོགས་པ)གི་དོན་གཉེར་མི་སྣར་གྱུར་ཞིང་། 2008ལོར་སྤྱི་ཚོགས་ཏང་ནས་ཕྱིར་བུད་དེ་གཡོན་རུའི་ཏང་གི་འཛུགས་སྐྱོང་ནང་ཞུགས། ད་སྐབས་ཏང་དེ་ཉིད་ཀྱི་ཀྲུའུ་ཞི་དང་ཡོ་རོབ་གྲོས་ཚོགས་ཀྱི་གྲོས་མིའི་འགན་ཁུར་ཡོད་པ་རེད། 2012ལོའི་ཙུང་ཐུང་འདེམས་བསྐོ་སྐབས། ཁོང་གིས་གཡོན་རུའི་འཐབ་ཕྱོགས་ཀྱི་འཐུས་ཚབ་བྱས་ནས་འདེམས་བསྐོ་ནང་ཞུགས་ཀྱང་། རེ་སྐོར་དང་པོའི་འདེམས་བསྐོ་ནང་ཨང་རིམ་བཞི་པ་ཡིན་པས་རེ་སྐོར་གཉིས་པའི་འདེམས་བསྐོ་ནང་ཞུགས་མ་ཐུབ་པ་རེད། མའེ་ལེན་ཆོན་གྱིས་ཡོ་རོབ་སྐབས་དོན་ཚགས་ཁང་གི་བཅར་འདྲི་དང་ལེན་གནང་སྐབས། ཏཱ་ལའི་བླ་མ་དང་ཀྲུང་གོ་བ། ཀྲུང་གོ་དང་འབྲེལ་བ་ཡོད་པའི་སྐོར་གྱི་བརྗོད་དོན་ལ་ལྷུག་གླེང་གནང་བ་རེད།
         ཁོ་བོས་བསམ་ན་ཆོས་ལུགས་དང་གྲོས་ཚོགས་ཆབ་སྲིད་གཉིས་ལ་འབྲེལ་བ་གཅིག་ཀྱང་ཡོད་པ་མ་རེད། གལ་སྲིད་ཆོས་དཔོན་སླེབས་སོང་ན་ཡང་། ཆོས་དཔོན་ཉིད་ཕེབས་པར་བརྩི་བཀུར་བྱེད་ངེས་ཡིན་མོད། འོན་ཀྱང་དེ་ནི་ཆོས་ཁང་ནས་ཡིན་དགོས་པ་རེད། དེ་བཞིན་དུ། ཏཱ་ལའི་བླ་མ་ཡིན་ན་ཡང་དགོན་པར་སྡོད་འོས་པ་ལས་ཡོ་རོབ་གྲོས་ཚོགས་སུ་ཕེབས་ཡོད་པའི་རྒྱུ་མཚན་ནི་བློ་ལ་མི་དཔོག་པ་ཞིག་རེད། ཁོ་བོས་ཆབ་སྲིད་དང་ཆོས་ལུགས་གཉིས་གཅིག་ཏུ་བསྲེས་ཏེ་བརྗོད་ཀྱི་མིན་པ་དང་། ཏཱ་ལའི་བླ་མ་ཆབ་སྲིད་ཀྱི་གཙོ་འཛིན་བྱས་ནས་བདེ་སྡུག་ཞུ་བ་ནི་གནས་ལུགས་མེད་པ་ཞིག་རེད།
         ཏཱ་ལའི་བླ་མ་ཡི་ཆབ་སྲིད་རྣམ་འགྱུར་ལས་དགོས་མེད་ཀྱི་རྩོད་གླེང་ཆེན་པོ་ཞིག་འབྱུང་རྒྱུ་དེ་རེད། ཁོང་གིས་ལོ་རྒྱུས་ཐོག་གི་བོད་ཀྱི་མངའ་ཁོངས་ཟེར་བ་དེ་ཕྱིར་ལེན་པ་དང་། ཁོང་ཚོས་མཐོང་འདོད་མེད་པའི་མི་དེ་ཚོ་མཐར་བསྐྲོད་པ། ཀྲུང་གོའི་བཞི་ཆ་གཅིག་གི་མངའ་ཁོངས་དེ་བགོ་བཤའ་བྱེད་འདོད་པ་རེད། དྲན་ཚུལ་འདི་ནི་ཁུངས་མེད་ལུང་མེད་དང་མི་སྲིད་པ་ཞིག་ཡིན་པ་མ་ཟད། དེའི་རིན་དོད་ཀྱང་བློ་ཡུལ་ལས་འདས་པ་ཞིག་རེད། མི་སུ་ཞིག་གིས་གནས་ཚུལ་འདི་འདྲ་ཞིག་མཐོང་འདོད་དམ། ཁོ་བོས་བསམ་ན་ཧྥ་རན་སེས་ཀྱང་དྲན་མེད་པ་ཞིག་རེད།
          རྒྱུ་མཚན་ནི་ཧྥ་རན་སེ་རྒྱལ་ཁབ་ཀྱིས་1964ལོ་ནས་བཟུང་ཀྲུང་གོའི་མངའ་ཁོངས་དང་མཐའ་མཚམས་ཁས་ལེན་བྱས་ཡོད་པ་རེད། དེ་དུས། མི་སུ་ཞིག་གིས་ངོ་རྒོལ་བྱས་ཡོད་པ་མ་རེད། དེ་བཞིན་དུ། ཀྲུང་གོས་ཀྱང་ཧྥ་རན་སེ་དང་དེའི་མངའ་ཁོངས་ཁས་ལེན་བྱས་ཡོད་པ་རེད། ཀྲུང་གོ་བས་ཁོ་སི་ཁ་(The island of Corsica)ལ་གནད་དོན་འདུག་ཅེས་པའི་སྐད་ཆ་གཅིག་ཀྱང་ཁོ་བོས་ཐོས་མ་མྱོང་། ཀྲུང་གོ་བས་གནད་དོན་འདི་དག་གཞི་གཅིག་ཏུ་བཞག་ནས་བརྗོད་མེད་པས་ང་ཚོས་ཀྱང་དེ་ལྟར་གཞི་གཅིག་ཏུ་བཞག་ནས་བརྗོད་མི་འོས་པ་ཞིག་རེད། ཁོ་བོས་བདེ་སྡུག་ཞུ་བ་འདི་དག་ལ་སྐུལ་སློབ་བྱེད་པ་ནི་དོན་སྙིང་མེད་པ་ཞིག་ཡིན་པར་འདོད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།