སྐུ་ཞབས་པད་མ་ཚེ་བརྟན་ལ་ཞུས་པའི་བོད་འབྲེལ་གློག་བརྙན་སྐོར་གྱི་དྲི་བ་བཅུ་ལས་དང་པོ།

རྩོམ་པ་པོ།:གཡུ་ཆུང་། རིན་བཀྲ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-12-14 10:21:00 ཀློག་གྲངས།:

སྐུ་ཞབས་པད་མ་ཚེ་བརྟན་ལ་ཞུས་པའི་བོད་འབྲེལ་གློག་བརྙན་སྐོར་གྱི་དྲི་བ་བཅུ་ལས་དང་པོ།
སྐུ་ཞབས་པད་མ་ཚེ་བརྟན།

        ཨ་རིའི་དུས་ཚོད་སྤྱི་ཟླ9བའི་ཚེས29ཉིན་གྱི་དགོང་དྲོའི་ཆུ་ཚོད7གྱི་སྟེང་། རྒྱལ་ས་ཝ་ཤིང་ཊོན་དུ་པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན《ཁྱི་རྒན》འཛམ་གླིང་གི་སྐད་གྲགས་ཆེ་བའི་དུས་དེབNational Geographicནས་སྒྲུབ་བཞིན་པའི་ལས་གཞིThe All Roads Film Project ཟེར་བ་བརྒྱུདNational Geographicགློག་བརྙན་ཁང་དུ་བསྟན་ཅིང་། ཨ་རི་དང་ཡོ་རོབ། ཁཱ་ན་ཏ། མེག་སི་ཁོ། ཉི་ཧོང་། ཁོ་རེ་ཡ་སོགས་ཀྱི་རྒྱལ་སྤྱིའི་གཟིགས་མོ་བ100ལྷག་ཙམ་ཕེབས་ཡོད་པ་དང་། གློག་བརྙན་བསྟན་རྗེས། གཟིགས་མོ་བ་དག་གིས་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལ་གློག་བརྙན་སྐོར་གྱི་དྲི་བ་མང་དུ་བསྐྱོན་ཅིང་། ཁོང་གི་བརྩམས་ཆོས་ལ་གདེངས་འཇོག་མི་དམན་པ་གནང་། གློག་བརྙན་འགྲེམ་སྟོན་གྱི་མཛད་སྒོ་ཡོངས་སུ་གྲོལ་རྗེས། བོད་བརྙན་དྲ་བས་ཀྱང་གོ་སྐབས་ཡག་པོ་དེ་དམ་འཛིན་གྱིས་འཁྲབ་ཁྲིད་པ་ཁོང་བཞུགས་སའི་མགྲོན་བྲང་དུ་ཆས་ཏེ་བཅར་འདྲི་ཞུས་པ་ཡིན།

གཡུ་ཆུང་། མིག་སྔའི་བོད་ཀྱི་གློག་བརྙན་གྱི་ཚོང་རའི་འགྲེམ་སྤེལ་ཕྱོགས་ཀྱི་གནས་ཚུལ་གང་འདྲ་ཡིན་ནམ།
པད་མ་ཚེ་བརྟན། བོད་ཀྱི་གློག་བརྙན་དག་རྒྱ་ནག་གི་གློག་བརྙན་དང་བསྡུར་ན་ཚོང་རའི་ཁོར་ཡུག་ཤིན་ཏུ་ཆུང་བ་རེད། དེང་སང་རྒྱ་ནག་གི་ཚོང་ར་སྟོབས་ཆེན་པོ་ཆགས་ཤིང་དཔལ་འབྱོར་འཕེལ་རྒྱས་བྱུང་བས། གློག་བརྙན་ལ་བཏང་བའི་མ་རྩའང་ཤིན་ཏུ་མཐོ་ཞིང་། དེར་བརྟེན་གྱི་ཡོང་སྒོའང་ཆེ་བ་ཡིན། འཛམ་གླིང་གི་གློག་བརྙན་གྱི་ཚོང་ར་གཙོ་བོ་དེ་ཨ་རིའི་རྗེས་སུ། རྒྱ་ནག་བརྩི་ཡི་ཡོད་པ་རེད། དེའི་རྐྱེན་གྱིས་ཨ་རིའི་གློག་བརྙན་ཡིན་ནའང་དེའི་ནང་དུ་རྒྱ་ནག་གི་མི་སྣ་དང་ཁོར་ཡུག གཏམ་རྒྱུད་སོགས་བཞག་སྟེ། ཚོང་ར་ལ་རམ་འདེགས་བྱེད་ཀྱིན་ཡོད་པ་རེད། དེ་ལྟ་བུ་ཞིག་གི་ནང་བོད་སྐད་ཀྱི་གློག་བརྙན་ཞིག་ཚོང་ར་ཆེན་མོ་དེའི་ནང་འགྲོ་དགོས་ཟེར་ན་ཤིན་ཏུ་དཀའ་མོ་རེད།
        བོད་སྐད་ཀྱི་གློག་བརྙན་ཕར་ཞོག རྒྱ་ནག་རང་གི་རྒྱ་སྐད་ཀྱི་གློག་བརྙན་དག་ཀྱང་ཚོང་ར་དེའི་ནང་འགྲོ་རྒྱུ་ཤིན་ཏུ་དཀའ་མོ་རེད། དཔེར་ན། རྒྱ་ནག་གི་གློག་བརྙན་དེ་ཕྱི་གླིང་དང་རྒྱ་ནག་རང་གི་སྤྱི་ཚོགས་ཀྱི་གློག་བརྙན་འཕྲིན་ཁང་སོགས་སུ་རྒྱུན་ལྡན་གྱི་བརྒྱུད་ལམ་བརྒྱུད་དེ་འགྲོ་དགོས་ན། ངེས་པར་དུ་གློག་བརྙན་ཞིབ་བཤེར་གྱི་སྡེ་ཁག་བརྒྱུད་དགོས། ཞིབ་བཤེར་སྡེ་ཁག་དེར་གློག་བརྙན་ཕབ་བསྐྲུན་མ་བྱས་གོང་ཕབ་བསྐྲུན་བྱས་ཆོག་མི་ཆོག་གི་ཆོག་མཆན་ཞིག་རག་དགོས་ཤིང་། ཕབ་བསྐྲུན་བྱས་ཚར་རྗེས་ཀྱང་གློག་བརྙན་ཆ་ཚང་ལ་ཞིབ་བཤེར་བགྱིས་ནས། འགྲེམ་སྤེལ་ཆོག་མི་ཆོག་གི་ཆོག་མཆན་ཞིག་རག་དགོས་པ་རེད། དེ་ལྟར་བྱས་རྗེས་སུ་ད་གཟོད། གློག་བརྙན་ཁང་དང་བརྙན་འཕྲིན་བརྒྱུད་ལམ་ཁག་ལ་འཚོང་ཆོག་པ་ཡིན། དེ་ལྟ་བུའི་ཆ་རྐྱེན་འོག་ཏུ། ན་ནིང2011ལོར། རྒྱ་ནག་གི་གློག་བརྙན་རྐྱང་རྐྱང700ལྷག་ཡོད་པ་རེད། འོན་ཀྱང་དེའི་ནང་ནས་གློག་བརྙན་ཁང་ནང་ནས་སྟོན་ཐུབ་སོང་བ་ཕལ་ཆེར་བརྒྱ་ལྷག་ཙམ་མ་གཏོགས་མེད། དེ་བས་གློག་བརྙན་བརྒྱ་ཆའི་དགུ་བཅུ་ཙམ་གློག་བརྙན་ཁང་ནང་དུ་སྟོན་ཐུབ་ཀྱིན་མེད་ལ། དེའི་ནང་གི་ཕྱེད་ཀ་ཙམ་གྱིས་ཕལ་ཆེར་མ་རྩའང་ཕྱིར་ལོན་ཐུབ་ཀྱིན་མེད། དེ་ལྟར་གློག་བརྙན་བརྩམས་ཆོས་སྐོར་ཞིག་ལ་ཆོག་མཆན་ཐོབ་རྗེསCCTVལྟ་བུ་ལ་བཙོང་གིན་ཡོད་པ་རེད་ལ། དེ་བཙོང་ན་ཡོང་སྒོ་ཏོག་ཙམ་ཡོད་པ་རེད། འོན་ཀྱང་ཁ་ཤས་ཀྱིས་དེ་ལའང་བཙོང་ཐུབ་ཀྱིན་མེད། སྔོན་ཆད་ཡིན་ན་གློག་བརྙན་གྱི་གྲངས་ཀ་ཧ་ཅང་ཉུང་སྟེ། ཁོ་བོའི《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》ཕབ་བསྐྲུན་བྱས་པའི་ལོ་དེར་གློག་བརྙན་བརྒྱ་ལྷག་ཙམ་མ་གཏོགས་མེད། སྐབས་དེར་ཁོ་ཚོས་ཉོ་སྲིད་ཅིང་། ཉོས་རྗེས་སུ་རང་ལ་ཡོང་སྒོ་ཡོད་པ་ཡིན། འོན་ཀྱང་ད་སྐབས་གློག་བརྙན་མང་དྲགས་པས། CCTVནས་ཀྱང་ཁོ་ཚོའི་ཆ་རྐྱེན་ལ་གཞིགས་ནས་ཉོ་བ་ཡིན། གལ་སྲིད་ཁོ་ཚོའི་རེ་བ་དང་ལྟ་ཚུལ་ལ་མི་མཐུན་པ་ཞིག་ཡིན་ན་ཉོ་མི་སྲིད་པ་རེད་ལ། དེ་ལྟར་ན་མ་རྩ་རྡིབ་པ་རེད། དེའི་སྟབས་ཀྱིས་བོད་ཀྱི་རིག་གནས་དང་འཚོ་བ་དངོས་མ་ཞིག་བོད་སྐད་ཀྱི་ལམ་ནས་རྒྱ་ནག་གི་ཚོང་རའི་ནང་ལ་འགྲོ་རྒྱུ་དེ་ཤིན་ཏུ་དཀའ་བའི་གནས་སུ་གྱུར་ཡོད།
        ཡོ་རོབ་དང་ཨ་རི་སོགས་ལ་མཚོན་ན། སྒྱུ་རྩལ་གྱི་གློག་བརྙན་དང་ཚོང་ལས་གློག་བརྙན་གྱི་དབྱེ་བ་ཤིན་ཏུ་གསལ་བས། དེར་བསྟུན་གྱི་གློག་བརྙན་སྟོན་ས་དང་བརྒྱུད་ལམ་ཡོད་པ་ཡིན། འོན་ཀྱང་རྒྱ་ནག་ལ་མཚོན་ན། དེ་ལྟ་བུ་མེད་པར་ཚོང་ལས་དང་སྒྱུ་རྩལ་གློག་བརྙན་ཚང་མ་གཅིག་རྐྱང་ཡིན། དམིགས་བསལ་སྒྱུ་རྩལ་གློག་བརྙན་ཁང་ཞེས་པ་རེ་ཟུང་ཡོད་ཀྱང་དེའང་ངོ་མ་མིན། དེ་ལྟ་ན། རྒྱ་ནག་གི་གློག་བརྙན་དག་ལས་ལ་ཤས་གློག་བརྙན་ཁང་ནས་བསྟན་ནའང་བལྟ་མཁན་གྱི་ཁ་གྲངས་ལྟར་ཉིན་རེ་གཉིས་ལས་མི་སྟོན་པ་དང་། ཡང་ན་ལ་ཤས་ལ་སྟོན་རྒྱུའི་གོ་སྐབས་སྤྲད་ཀྱང་། ལྟ་མཁན་མེད་པ་ལྟ་བུ་རེད། དེས་ན། བོད་སྐད་སྤྱོད་ཀྱིན་པའི་བོད་ཀྱི་གློག་བརྙན་ལྟ་བུ་ཞིག་ལ་མཚོན་ན་གློག་བརྙན་ཁང་དང་འཁྲབ་སྐར་སོགས་ཆ་རྐྱེན་མང་པོ་ཞིག་མི་འཛོམས་པས། རྒྱ་ནག་གི་ཁྲོམ་རའི་ནང་འགྲེམ་སྤེལ་དང་ཐབས་ལམ་འཚོལ་རྒྱུ་དེ་དཀའ་བའི་གནས་སུ་ལྷུང་ཡོད།
        གལ་སྲིད་ཁྱོད་ཀྱིས་སྒྱུ་རྩལ་གྱི་ངོས་ཐད་ནས་གྲུབ་འབྲས་ཤིག་བླངས་ནས་ལས་རིགས་དེའི་ནང་ཁས་ལེན་ཅུང་ཐོབ་པ་ཡིན་ན། རྒྱ་ནག་ནངMOMAགློག་བརྙན་ཁང་ལྟ་བུ་རེ་ཟུང་ཞིག་ཡོད་པའི་ནང་གོ་སྐབས་རེ་ཟུང་འདུག དཔེར་ན། 《འཚོལ》ལ་མཚོན་ན་གློག་བརྙན་ཁང་དེའི་ནང་པེ་ཅིང་ནས་ཟླ་བ་གཅིག་ལ་བསྟན་པ་ཡིན། ཀྲུང་གོ་ནང་ཁུལ་དུ་དེའི་ཕན་ཆོད་ནསCCTVརེད། གལ་སྲིད་འགྲོ་སོང་ཆུང་བའི་གློག་བརྙན་ཞིག་ཡིན་ན་ཁོ་ཚོར་བཙོངས་རྗེས་མ་རྩ་མང་པོ་ཞིག་ཕྱིར་ལོན་གྱི་རེད། དེའི་ཕན་ཆོད་ནས་དྲ་རྒྱ་སྟེང་ནས་གློག་བརྙན་སྟོན་རྒྱུ་དེའང་ཐབས་ཤེས་ཤིག་རེད། གློག་བརྙན་ལ་ཤས་དྲ་རྒྱ་ལ་བཙོངས་བའི་གོང་དེCCTVལ་བལྟས་ནའང་མཐོ་བ་ཡིན། འོན་ཀྱང་དེ་དག་ལ་ངེས་པར་ཚོང་ལས་ཀྱི་ཆ་དེ་འཛོམས་དགོས་པ་ཡིན།
        བོད་ཀྱི་གློག་བརྙན་ཞིག་ལ་མཚོན་ན། དྲ་རྒྱའི་སྟེང་ནས་བསྟན་ཆོག་པའི་ཆ་རྐྱེན་དེ་མིག་སྔར་འཛོམས་ཀྱི་མི་འདུག སྐད་ཆ་དང་འཁྲབ་སྟོན་པ་གང་གི་ཆ་ནས་ཀྱང་ཆ་རྐྱེན་དེ་མེད། དེ་བས་ན་རྒྱ་ནག་ནང་ཁུལ་ནས་འགྲེམ་སྤེལ་བྱེད་རྒྱུ་དེ་ཁྱབ་རྒྱ་ཤིན་ཏུ་ཆུང་བ་ཞིག་རེད་ལ། རྒྱ་ནག་ཕན་ཆོད་ཀྱི་ཨ་རི་དང་ཡོ་རོབ་སོགས་སུ་འགྲེམས་སྤེལ་བྱེད་རྒྱུ་དེ་གཙོ་བོ་རེད། ཡོ་རོབ་ལ་མཚོན་ན། སྒྱུ་རྩལ་གློག་བརྙན་སྟོན་རྒྱུའི་མ་ལག་དེ་ཤིན་ཏུ་ཆ་ཚང་བས། བརྩམས་ཆོས་ཤིག་གློག་བརྙན་ཁང་ཞིག་ཏུ་སྟོན་ཐུབ་པར་གྱུར་བ་དང་ལྟ་མཁན་ཡང་མང་ན། གློག་བརྙན་དེ་ཡུན་རིང་པོ་ལ་སྟོན་ངེས་པ་ཡིན། གཟའ་འཁོར་དང་ཟླ་བ་སོགས་བསྟུད་མར་སྟོན་པར་བྱེད་ལ། བརྩམས་ཆོས་ལ་ཤས་ལོ་འཁོར་མོ་གཅིག་ལ་བསྟན་པའང་ཡོད། དཔེར་ན། རྒྱ་ནག་གི་འཁྲབ་ཁྲིད་པ་ཧོ་ཅན་ཆི霍建起ལགས་ཀྱི་བརྩམས་ཆོས《那山、那人、那狗》ཟེར་བ་དེ། ཀྲུང་གོ་ནས་སྟོན་སྐབས་སུ་གློག་བརྙན་ཁང་གི་སྦྱིན་བདག་ཚོས་གཅིག་གིས་ཀྱང་མ་ཉོས་པ་ཡིན། དེ་བས་གློག་བརྙན་དེ་ཉི་ཧོང་གི་སྦྱིན་བདག་ཞིག་ལ་གོང་སླ་མོས་བཙོངས་པ་རེད། ཉི་ཧོང་གི་འགྲེམ་སྤེལ་མཁན་དེས་ཉི་ཧོང་གི་ཚོང་ར་དང་ཉི་ཧོང་མིའི་སེམས་ཁམས་ལ་རྒྱུས་ལོན་པས་ཉོས་ཤིང་། ཐོག་མར་ཟླ་བ་གཅིག་ལ་བསྟན། དེ་ནས་ཟླ་བ་གཉིས་ལ་བསྟན། དེ་ལྟར་ལོ་གཅིག་ལྷག་གི་རིང་ལ་བསྟན་པ་རེད། གློག་བརྙན་དེ་གཅིག་པུས་ཡོང་སྒོ་མང་པོ་ཞིག་བསྐྲུན་པ་རེད། འོན་ཀྱང་དེའི་དུས་སུ་སྔར་ནས་བཙོངས་ཟིན་པས་གློག་བརྙན་བཟོ་མཁན་དང་འབྲེལ་བ་ཡེ་མེད། དེའི་རྗེས་སུ་ཁོང་གིས་གློག་བརྙན་ཕྱི་མ་དག་ནང་གི་ཡུལ་ལྗོངས་དང་གཏམ་རྒྱུད་སོགས་སྔ་མ་དང་བསྟུན་པར་བྱས་ཏེ་ཕབ་བསྐྲུན་བྱས་ཤིང་། ཁོང་གི་གློག་བརྙན་དེ་ཉི་ཧོང་དུ་ལྷག་པར་དགའ་བསུ་ཆེན་པོ་ཡོད་པ་རེད།
        དེ་ནང་བཞིན་བོད་ལ་མཚོན་ནའང་ཕྱི་རོལ་ནས་ཐབས་ལམ་འཚོལ་རྒྱུ་དེ་གལ་ཆེན་པོ་རེད། འོན་ཀྱང་དེའང་ལས་སླ་མོ་ཞིག་ག་ལ་ཡིན། བོད་ནང་ཁུལ་དུ་ཕྱིའི་གནས་ཚུལ་དག་ལ་རྒྱུས་ལོན་མེད་པས། བོད་མིའི་འཚོ་བ་དང་བོད་དང་འབྲེལ་བ་ཡོད་པ་ཞིག་ཡིན་ན། ཕྱི་གླིང་ནས་འགྲེམ་སྤེལ་བྱེད་རྒྱུ་ནི་ལས་སླ་མོ་ཞིག་ཡིན་པར་བསམ་གྱིན་འདུག་མོད། དེ་ལྟ་བུ་ཞིག་གཏན་ནས་མ་རེད། ལོ་གཅིག་ལ་གློག་བརྙན་དུས་སྟོན་གཅིག་གི་སྟེང་ལ་འགྲོ་བཞིན་པའི་གློག་བརྙན་ཕལ་ཆེར་སྟོང་ཕྲག་འགའ་ཤས་ཙམ་ཡོད་ལ། དེའི་ནང་ནས་གདམ་དགོས་པ་ཡིན། གློག་བརྙན་གྱི་ཚོང་ར་ནང་ལ་འགྲོ་དགོས་ན། གཅིག་ནས་རྒྱ་ནག་གི་ཁྲོམ་རའི་ནང་འགྲོ་མི་ཐུབ་ཅིང་། གཉིས་སུ་འཛམ་གླིང་གི་གློག་བརྙན་ཚོང་རའི་བརྒྱ་ཆའི་བདུན་ཅུ་ནས་བརྒྱད་ཅུ་ཙམ་ཧོ་ལེ་ཝུ་ནས་བཟུང་ཡོད་པ་རེད། རྒྱ་ནག་གི་ཚོང་ལས་གློག་བརྙན་འགྲོ་སོང་ལ་དུང་ཕྱུར་ཁ་ཤས་བཏང་བ་ཞིག་ཨ་རི་ལ་འོངས་ན། ཁོ་བོ་ཡང་སྐབས་སྐབས་སུ་སོང་ནས་བལྟས་པ་ཡིན། ལྟ་མཁན་དག་མང་ཆེ་ཤོས་རྒྱ་མི་རེད། རྒྱ་ལ་དགའ་མཁན་དང་རྒྱ་ཡིག་སྦྱོང་མཁན། རྒྱ་མི་དང་ཆང་ས་བརྒྱབ་ཡོད་མཁན་མ་གཏོགས། ཕྱི་གླིང་བ་ཞིག་གིས་ཆེད་དུ་རྒྱ་ནག་གི་ཚོང་ལས་གློག་བརྙན་ལ་ལྟ་མཁན་ཧ་ཅང་ཉུང་།
        དེ་བས་ན། ནུབ་གླིང་གི་རྒྱལ་ཁབ་ཁག་ཏུ་བོད་ཀྱི་གློག་བརྙན་ཞིག་སྟོན་དགོས་ན་སྒྱུ་རྩལ་གྱི་ཚད་མཐོན་པོ་དགོས་པ་ཡིན། གལ་སྲིད་དེ་མི་ལྡན་ན་དང་ལེན་མི་བྱེད་པ་རེད། དེ་བཞིན་གློག་བརྙན་དུས་སྟོན་ཞིག་ལ་འགྲོ་ཐུབ་སོང་ནའང་། བརྩམས་ཆོས་དེ་བོད་དང་འབྲེལ་བའི་རྒྱུ་མཚན་གཏན་ནས་མིན། དེའི་དུས་སྐབས་དེ་ད་ནི་ཡོལ་ཚར་བ་རེད། དེས་ན་གློག་བརྙན་སྒྱུ་རྩལ་གྱི་ཚད་ལ་མཐོང་ཆེན་པོ་བྱེད་རྒྱུ་ནི་ཤིན་ཏུ་གཙོ་བོར་ཆགས་ཡོད། མ་འོངས་པར་གློག་བརྙན་བཟོ་མཁན་ཞིག་ཡིན་ནའང་། བོད་ཀྱི་གཏམ་རྒྱུད་མཚར་བོ་ཞིག་དང་འཚོ་བ་བསྟན་པ་ཙམ་གྱིས་འཛམ་གླིང་གི་གློག་བརྙན་དུས་སྟོན་ལ་འགྲོ་ཐུབ་རྒྱུ་དང་བྱ་དགའ་ལེན་ཐུབ་ངེས་སྙམ་པ་ནི་ནོར་འཁྲུལ་ཞིག་རེད་ལ། དེ་ལྟ་བུའི་འདུ་ཤེས་འཛིན་མི་འོས། ཡིན་གཅིག་མིན་གཉིས་ཀྱིས་གློག་བརྙན་གྱི་སྒྱུ་རྩལ་གྱི་ངོས་ནས་ལེགས་འགྲུབ་མ་བྱུང་ན། ཐབས་ལམ་གཞན་དག་བོད་ཀྱི་གློག་བརྙན་ལ་མིག་སྔར་ད་དུང་ཁག་པོ་འདུག

བཅར་འདྲི་པ་གཡུ་ཆུང་གིས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ནས།
འཇིགས་བྱེད་ཚེ་རིང་གིས་འོས་སྦྱོར་བྱས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།