༄༅། །ནན་ཁའེ་སློབ་ཆེན་དུ་ཕྱིན་པའི་ཟིན་ཐོ།

རྩོམ་པ་པོ།:ཟླ་ཞེན།  ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2021-11-09 11:09:34 ཀློག་གྲངས།:
༄༅། །ནན་ཁའེ་སློབ་ཆེན་དུ་ཕྱིན་པའི་ཟིན་ཐོ།
ཟླ་ཞེན། 

        དེ་ཡང་དགེ་རྒན་བཀའ་དྲིན་ཅན་དུང་དཀར་བ་ཚེ་དབང་རྡོ་རྗེའི་མཚམས་སྦྱོར་འོག གུས་པ་རྒྱ་ནག་ཐེན་ཅིན་དུ་གཟའ་འཁོར་གཉིས་རིང་སྐད་བརྡའི་སྐོར་ལ་སློབ་སྦྱོང་དུ་འགྲོ་བའི་སྐལ་བ་ལྡན། ཐེངས་འདིའི་སློབ་སྦྱོང་གི་གོ་སྐབས་འདི་ཧ་ཅང་ཁྱད་པར་ཅན་ཞིག་ཡིན་ཏེ། དེ་ནི་ནན་ཁའེ་སློབ་གྲྭ་ཆེན་མོའི་དགེ་རྒན་ཨ་ཚོགས་ཡེ་ཤེས་འོད་གསལ་ལགས་ཀྱིས་གཙོ་སྒྲུབ་བྱས་པ་ཞིག་ཡིན། འདི་ལ་ཐོག་མར་རང་ངོས་ནས་རེ་ཞུ་ཡི་གེ་ཞིག་འབྲི་དགོས་པ་དང་དེར་དགེ་རྒན་ཞིག་གིས་མིང་རྟགས་འགོད་དགོས།བསླབ་བྱ་དེ་དང་འབྲེལ་ཡོད་ཀྱི་དགེ་རྒན་ཞིག་ཡིན་དགོསརེ་ཞུ་བྲིས་ཚར་རྗེས་ཡར་སྤྲད་དེ་ཕྱིར་ལན་འབྱོར་བར་སྒུག་པ་ཡིན། ཉིན་ཤས་རྗེས་སུ་འབྱོར་ལན་ཐོན་བྱུང་ལ་ང་རང་ཡང་ད་རེས་ཀྱི་གསབ་སྦྱོང་གི་གྲས་སུ་ཚུད་འདུག དེ་ལས་ཀྱང་སློབ་ཡོན་དང་ཡར་མར་གྱི་འགྲོ་གྲོན་སོགས་གཅིག་ཀྱང་གཏོང་མི་དགོས། དེ་ནི་ཕལ་བའི་མི་ང་ལྟ་བུ་ཞིག་ལ་མཚོན་ན་ཧ་ཅང་དགའ་འོས་པ་ཞིག་ཅི་ལ་མིན།
        སྤྱི་ཟླ་བརྒྱད་པའི་ཚེས་བདུན་ཉིན་སློབ་གྲོགས་ཤིག་དང་ལྷན་དུ་མེ་འཁོར་ལ་བསྡད་དེ་ལམ་ལ་ཆས། ངེད་གཉིས་འདུག་སའི་འཁོར་སྒམ་车厢དུ་སློབ་མ་གཞན་འགའ་ཡང་འདུག ཁོ་ཚོ་ཚང་མ་ནུབ་བྱང་ནས་རེད་འདུག འདི་ནི་སུ་དང་གང་ལ་མཚོན་ན་སློབ་སྦྱོང་ཐེངས་ཤིག་ཡིན་ལ་འགྲུལ་བཞུད་ཐེངས་ཤིག་ཀྱང་ཡིན་ནོ། །མེ་འཁོར་ལ་བསྡད་དེ་ཉིན་བཞུད་མཚན་བཞུད་བྱས་མཐར་གཞི་ནས་ཐེན་ཅིན་གྲོང་ཁྱེར་ལ་འབྱོར། ཚ་བ་ལྟོས་བཅས་ཀྱིས་ཧ་ཅང་ཆེ་པས། མཐོ་སྒང་ནས་འོངས་པའི་འབྲོག་ཕྲུག་དག་ལ་མཚོན་ན་འདི་ནི་ཧ་ཅང་འཚམ་པོ་མེད་པ་ཞིག་རེད། གདོང་ལ་རྔུལ་ཆུ་ཟགས་ཏེ་ཚ་བར་འཁང་ར་བྱེད་ཞོར་ནན་ཁའེ་སློབ་གྲྭར་འགྲོ་བའི་སྤྱི་སྤྱོད་རླངས་འཁོར་བཙལ། མཐོ་སྒང་གི་མི་ཡིན་པས་ཡིན་ནམ་ཆ་མ་འཚལ་མོད་འདིར་ཐོན་མ་ཐག་དབུགས་ཀྱང་ལེན་དཀའ་བའི་གནས་སོ། །སྤྱི་སྤྱོད་རླངས་འཁོར་ལ་བསྡད་དེ་ཆུ་ཚོད་ཕྱེད་ཀ་ཙམ་ཕྱིན་མཐར་ནན་ཁའེ་སློབ་གྲྭར་ཐོན། དེ་མ་ཐག་དུ་ཐོ་འགོད་བྱས་ཏེ་བཀོད་སྒྲིག་བྱས་ཟིན་པའི་ཁང་པར་བསྡད་དེ་ངལ་གསོ་ཅུང་ཙམ་བྱས། ཚ་བས་གདུང་པས་ལུས་པོ་ཡོད་ཚད་རྔུལ་ཆུས་ཟིན་འདུག ཕྱི་ཉིན་ནས་བཟུང་སློབ་ཁྲིད་ཀྱི་འགོ་རྩོམ་དགོས་པས་ངལ་ཕྲན་ཙམ་གསོས་རྗེས་སློབ་གྲྭའི་ཉེ་འཁོར་ཀུན་ལ་འཆམ་འཆམ་དུ་ཕྱིན། སློབ་གྲྭའི་གང་སར་ཞིག་གསོ་དང་ མཛེས་སྤྲས་བྱེད་བཞིན་འདུག མ་གཞི་དེ་ནི་སློབ་གྲྭ་འདི་བཙུགས་ནས་ལོ་ཡི་འཁོར་མོ་ཆེ་བརྒྱ་ལོན་པའི་སྟོན་མོར་གྲབས་གཤོམ་བྱེད་གྱིན་གདའ།
ནན་ཁའེ་སློབ་ཆེན་གྱི་ཤར་སྒོ།
        ཕྱི་ཉིན་སྔ་དྲོར། དགེ་རྒན་ཆེ་མོ་ཨ་ཚོགས་ལགས་ཀྱིས་འགོ་འཛིན་མཛད་དེ་སྟབས་བདེ་སྒོས་ཚོགས་འདུ་འཚོགས། དེར་མཐུད་ནས་སློབ་ཁྲིད་ཀྱི་འགོ་བརྩམས། ཐེངས་འདིར་སློབ་ཁྲིད་བྱེད་པའི་དགེ་རྒན་ལ་སྐད་བརྡ་རིག་པའི་ཁྱབ་ཁོངས་སུ་ཅུང་སྐད་གྲགས་ཆོད་པའི་དགེ་རྒན་འགའ་ཡང་འདུག་སྟེ། ཨར་སུའུ་སྐད尔苏语ལ་ཞིབ་འཇུག་གི་མཁྱེན་རྒྱ་ཡངས་པ། ཧྥ་རན་སིའི་རྒྱལ་ཁབ་ཚན་རིག་ཞིབ་འཇུག་ལྟེ་གནས་ཀྱི་ཡ་གླིང་ཤར་མའི་སྐད་རིགས་ཞིབ་འཇུག་ཁང་གི་དགེ་རྒན་ཆེན་མོ་ཆིར་མཁའ་སྐྱབས།(Katia Chirkova) ཧྥ་རན་སི་རྒྱལ་ཁབ་ཀྱི་སྤྱི་ཚོགས་ཚན་རིག་ཁང་གི་དབུ་གཙོ། སྒྲ་རྒྱུད་རིག་པའི་ཆེད་མཁས་པ་ཨེ་ལེ་ཁུ་སི་དམེ་ཁོ་ལགས།(Alexis Michaud)དེ་མིན་ཐེན་ཅིན་དགེ་ཐོན་སློབ་གྲྭ་ཆེན་མོའི་སྐད་བརྡའི་སྐོར་གྱི་ཆེད་མཁས་པ་དགེ་རྒན་ཧྲི་ཞའོ་ཅོན།时秀娟ཞི་ཁྲང་སློབ་གླིང་གི་དགེ་རྒན་བང་དི་ཧི།王德和ནན་ཁའེ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཨ་ཚོགས་ཡེ་ཤེས་འོད་གསལ། ཀྲུང་ཧྲན་སློབ་ཆེན་གྱི་དགེ་རྒན་ཉི་མ་ཚེ་རིང་།邵明园གཞན་ཨ་རིའི་ཨུ་ལེ་ཀང་སློབ་ཆེན(University of Oregon)གྱི་སྐད་བརྡ་རིག་པའི་འབུམ་རམས་པ་ཀོན་ཞོན།管璇ཡུན་ནན་མི་རིགས་སློབ་ཆེན་གྱི་ཞིབ་འཇུག་ལས་རོགས་པ་ཧི་ལས་ཁོན།和丽昆སུའུ་ཙེར་པོ་ཨར་ཉི་སློབ་ཆེན(University of Bern)གྱི་སྐད་བརྡ་རིག་པའི་འབུམ་རམས་པ་ལིན་ལིན་林凌སོགས་སྐད་བརྡར་ཤ་ཆོད་རུས་ཆོད་ཀྱིས་ཞིབ་འཇུག་བྱེད་བཞིན་པའི་དགེ་རྒན་སྟག་འདྲ་གཟིག་འདྲ་འགའ་འདུག སློབ་མའང་རྒྱལ་ཡོངས་ཀྱི་སློབ་ཆེན་སོ་སོ་ནས་བདམས་ཐོན་བྱུང་སྟེ་སླེབས་འདུག དགེ་རྒན་དག་གིས་བསྟུད་མར་གཟའ་འཁོར་གཉིས་ཀྱི་རིང་རྒྱལ་སྤྱིའི་སྒྲ་རྟགས་དང་ཚོད་ལྟའི་སྐད་སྒྲ་རིག་པ། སྒྲ་རྒྱུད་རིག་པ། སྒྲ་བརྟག་མཉེན་ཆས་ཉེར་སྤྱོད། ཡུལ་དངོས་རྟོག་དཔྱོད་ཀྱི་སྦྱོང་བརྡར་སོགས་ནས་བུམ་པ་གང་བྱོའི་ཚུལ་དུ་ངེད་ཅག་ལ་གནང་ངོ། །གུས་པ་ཉིད་ནི་སྐད་བརྡའི་ཆེད་ལས་མིན་ཡང་ཐེངས་འདིའི་དབྱར་གནང་གི་གསབ་སྦྱོང་ཁྲོད། ཕྱོགས་གང་ཐད་དུ་སློབ་སྦྱོང་དང་ཉམས་མྱོང་མི་ཉུང་པ་བླངས།

སློབ་ཁྲིད་ཀྱི་བར་སྐབས།
        གཟའ་འཁོར་གཉིས་ཀྱི་སློབ་སྦྱོང་ལས་ཉིན་གཅིག་གི་ངལ་གསོའི་དུས་ཚོད་ཡོད་པས། དུས་ཚོད་དེ་ཆུད་ཟོས་སུ་མི་གཏོང་ཆེད་ཐེན་ཅིན་གྲོང་ཁྱེར་གྱི་མཛེས་ལྗོངས་ལ་ལྟ་རུ་ཕྱིན་པ་ཡིན། ཐོག་མར་པའོ་ཧེ་རྒྱ་མཚོའི་འགྲམ་དུ་ཐེངས་གཅིག་ཕྱིན་པ་ཡིན། དེའི་མུར་ལྷ་སའི་གྲོགས་པོ་བློ་བཟང་དཀོན་མཆོག་ལགས་ཀྱིས་ལམ་སྣེ་ཁྲིད་དེ་ཐེན་ཅིན་གྲོང་གི་གློག་རྡུལ་དཔེ་ཁང་དུ་ལྟ་རུ་ཕྱིན། འདིར་དམིགས་ཀྱིས་ཁོང་ལ་བཀའ་དྲིན་ཆེ་ཞུས་པ་ཡིན། ཁོ་ནི་མི་འཇོན་ཐང་ཅན་ཞིག་ཡིན། དེ་མིན་གྲོང་ཁྱེར་དེའི་ཆེས་འདུ་འཛི་ཆེ་བའི་སྲང་དུ་ཉུལ། གཞན་དེ་གར་ཡོད་པའི་ཀྲིག་ཙུང་ལི་བཟའ་ཟླ་གཉིས་ཀྱི་དྲན་རྟེན་ཁང་དུའང་ལྟ་རུ་ཕྱིན། འདི་ལྟར་སློབ་སྦྱོང་གི་བར་གླགས་ནས་རང་གི་ལྟ་རྒྱ་ཡང་ཆེ་རུ་བསྐྱེད་ནུས་པར་ལུས་སེམས་གཉིས་ཀ་དྲོའོ། །དུས་ཚོད་ནི་ཅི་འདྲའི་མགྱོགས་པ་ལ་ཨང་། མིག་རྡེབ་པ་ཙམ་གྱིས་དེ་རས་ཀྱི་དབྱར་སྦྱོང་མཇུག་རྫོགས་ཟིན། ངས་ནི་དགེ་རྒན་ཁོང་ཅག་གི་གསུང་གི་བདུད་རྩིར་ད་དུང་ཐེངས་གཅིག་གསན་འདོད་ཨང་། ཧ་ཅང་ཡིད་སྤྲོ་བ་ཞིག་ནི། འདི་གར་ཀྲུང་གོའི་ལྷོ་ནུབ་ཁུལ་གྱི་རྒྱ་བོད་སྐད་བརྡའི་སྐོར་གྱི་རྒྱལ་སྤྱིའི་ཞིབ་འཇུག་ཚོགས་འདུ་ཞིག་འཚོག第五届中国西南地区汉藏语研究国际论坛会བཞིན་ཡོད་པས། དེར་ཞུགས་ནས་རྒྱལ་སྤྱིའི་མཁས་དབང་དུ་མའི་གསུང་གི་བདུད་རྩིར་རོལ་བའི་སྐལ་བའང་ལྡན་སོང་།
        ཕྱི་ཉིན་ནས་བཟུང་ཚོགས་ཆེན་གྱི་འགོ་བརྩམས། དེར་ཕེབས་པའི་ཞིབ་འཇུག་པ་དག་ནི་སྐད་བརྡ་རིག་པའི་ཁྱབ་ཁོངས་སུ་ཧ་ཅང་སྐད་གྲགས་ཆོད་པ་ཏག་ཏག་རེད་འདུག མི་རེ་ནས་རང་གི་ཞིབ་འཇུག་གི་དཔྱད་འབྲས་སྒྲོག་སྦྱང་བྱས་རྗེས་དྲི་བ་འདྲི་བའི་གོ་རིམ་ཞིག་ཀྱང་ཡོད། དེ་ལྟར་ཕན་ཚུན་བར་ལྟ་ཚུལ་བརྗེ་རེས་དང་མི་མཐུན་སར་རིག་པ་གཏོང་རེས་སོགས་ཀྱི་ཆ་ཡང་འདུ། དེ་ལྟར་བསྟུད་མར་ཉིན་གཉིས་ཀྱི་རིང་ཚོགས། འདི་འདྲིའི་ཚོགས་འདུ་ཆེན་པོ་ཞིག་གི་སྟེང་ཞུགས་ཐུབ་པས་ནི་ཧ་ཅང་དགའ་བ་ཞིག་ཡིན་ཏེ། གུས་པ་རང་ལྟ་བུ་ལ་མཚོན་ན། འདི་ཡིས་ནི་རང་གི་ཕྱོགས་གང་ནས་ཀྱང་ཤེས་རྨོངས་སེལ་བ་དང་རིག་པ་འཕེལ་བར་རྔོ་ཆེན་པོ་ཐོགས་ནུས་སོ། ། 
        མཇུག་མཐར། རྒྱ་བོད་སྐད་བརྡའི་ཁྱབ་ཁོངས་སུ་སྐར་ཆེན་ལྟར་འཚེར་བའི་རིག་པ་སྨྲ་བ་རེ་རེ་དང་ལྷན་དུ་པར་ཡང་བརྡབས། དེ་ནི་ངའི་མི་ཚེའི་སྟེང་གི་འོད་དུ་འཚེར་བའི་ཕྱིར་དྲན་ཞིག་ཀྱང་ཅིས་མ་ཡིན། ཚོགས་ཆེན་དེའི་མཇུག་བསྡུ་དང་བསྡོངས་ནས་ངེད་ཚོའི་ད་རེས་ཀྱི་དབྱར་སྦྱོང་འཛིན་གྲྭས་ཡང་ཚོགས་གྲོལ་མཛད་སྒོ་ཆུང་ཆུང་ཞིག་བསྡུས། ཚོགས་འདུར་དགེ་རྒན་ཆེན་མོ་ཨ་ཚོགས་ལགས་ཀྱིས་འགོ་འཛིན་མཛད་ལ་ཐའེ་ཝན་ཀྲུང་དབྱང་ཞིབ་འཇུག་གླིང་གི་དགེ་རྒན་ཆེན་མོ་སོན་ཐེན་ཞིན孙天心ལགས་དང་ཨ་རིའིOregonསློབ་གྲྭ་ཆེན་མོའི་སྐད་བརྡ་རིག་པའི་ཆེད་མཁས་པ་རྡས་ལེན་སེScott Delanceyསོགས་ཀྱང་ཞུགས་ནས་གཏམ་བཤད་གནང་། ཁོང་ཚོ་རེ་རེ་ནས་སྐད་བརྡའི་སྐོར་ལ་སློབ་སྦྱོང་ཡག་པོ་བྱས་ཏེ་མ་འོངས་པར་སྐད་ཡིག་མྱུར་སྐྱོབ་ཀྱི་ལས་འགན་ཁྲག་ཏུ་ལེན་དགོས་ཚུལ་ནན་ཏན་གྱིས་གསུངས། སྐུ་ཞབས་རྡས་ལེན་སེ་ཡིས་ཁོང་གི་མི་ཚེ་དང་འབྲེལ་བའི་གཏམ་རྒྱུད་ཅིག་གླེང་ཏེ་རྗེས་རབས་པ་དག་ལ་འོས་འགན་ལྕི་མོ་ཞིག་ཡོད་ཚད་གལ་བོ་ཆེ་ལ་ནན་ཏན་གྱིས་གསུངས། འདིར་ཁོང་གི་སྐད་ཆ་གནད་འགག་ཅིག་གསུངས་པ་ཡིག་ཐོག་ཏུ་འགོད་པར་འདོད་དེ། “ཉིན་ཞིག ཁྱེད་ཅག་མི་ཞིག་གི་བེམ་པོ་ཞུགས་འབུལ་གྱི་མཛད་སྒོར་ཕེབས་སྲིད་པས། ཞུགས་འབུལ་གྱི་མཛད་སྒོ་དེ་སྐད་ཡིག་གང་དེའི་ཆེས་ཐ་མའི་དུར་ས་རུ་མི་གཏོང་བར་ཞུ་ཞུ།”may you guys will attend a funeral, do not let that one be the place to speak in your native language.也许,你们会参加一个葬礼,不要让那个葬礼变成母语的最后发言地ཅེས་པ་འདི་ནི་གལ་ཆེ་བའི་གསུང་གསེར་ནག་གི་རིལ་བུ་ཞིག་ཏུ་འཁུམ། དེ་ལྟར་ཚོགས་གྲོལ་གྱི་མཛད་སྒོ་བསྡུས་ཚར་རྗེས། སློབ་བུ་ཡོད་དོ་ཅོག་དགའ་བའི་འཛུམ་དང་བཅས་ཕན་ཚུན་ལ་བདེ་མོ་འཇོག་བཞིན་རང་རང་ཕྱོགས་སུ་ཆས་སོ། །
                                                          སྨྲས་པ།  
     སྐད་བརྡའི་རིག་གཞུང་ཆུ་གཏེར་རྒྱ་མཚོ་ལ། ། 
           བག་ཆགས་ཕྲན་ཙམ་འཇོག་པའི་སྐལ་བཟང་ཤར། ། 
 འདི་ཡི་བྱས་པ་གང་དེའི་ཉེར་ལེན་གྱིས། ། 
      ཕྱི་མར་ཕན་འབྲས་གང་ལེགས་སྨིན་པར་ཤོག །
༢༠༡༩ལོའི་ཟླ༩པའི་ཚེས༡༤ཉིན་བྲིས།
༢༠༢༡ལོའི་ཟླ་ཚེས་བཟང་པོར་བཅོས། 
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།