མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཨ་ཟེར་བྷེ་ཇན་གྱི་ཙུང་ཐུང་ཨ་ལི་ཡེ་ཕུའུ་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་12ཉིན། 14:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་ཨ་ཟེར་བྷེ་ཇན་གྱི་ཙུང་ཐུང་ཨ་ལི་ཡེ་ཕུའུ་དང་གྲོས་མོལ་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་10ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཨ་ཟེར་བྷེ་ཇན་གྱི་ཙུང་ཐུང་ཨ་ལི་ཡེ་ཕུའུ་དང་གྲོས་མོལ་གནང་བ་རེད། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་ཀྱིས་ཀྲུང་གོ་དང་ཨ་ཟེར་བྷེ་ཇན་དབར་གྱི་འབྲེལ་བ་རྒྱུན་མཐུད་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་ཐོག་སྣེ་ཁྲིད་བྱས་ཏེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ལེགས་པ་བསྐྲུན་རྒྱུའི་མོས་མཐུན་གནང་ཡོད།
         ཞིས་ཅིན་ཕིང་གིས་ལོ་མང་རིང་ཀྲུང་གོ་དང་ཨ་ཟེར་བྷེ་ཇན་རྒྱལ་ཁབ་གཉིས་པོས་འདྲ་མཉམ་གཉིས་ཕན་དང་ཕན་ཚུན་བརྩི་འཇོག་གི་རྩ་དོན་གཞིར་བཟུང་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་བཏང་བ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱ་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ། ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་བ་བཅས་བྱས་ཡོད། ཀྲུང་གོ་དང་ཨ་ཟེར་བྷེ་ཇན་དབར་གྱི་མཛའ་གྲོགས་མཉམ་ལས་འབྲེལ་བའི་རྨང་གཞི་བརྟན་པ་དང་མདུན་ལྗོངས་རྒྱ་ཆེན་པོ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་ཟེར་བྷེ་ཇན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཀྱི་ཁ་ཕྱོགས་འཆར་འགོད་བྱས་ཏེ་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་འཕེལ་རིམ་གསར་པ་ཟམ་མི་ཆད་པར་ཐོབ་རྒྱུར་སྐུལ་མ་གཏོང་འདོད་ཡོད། ཨ་ཟེར་བྷེ་ཇན་ཕྱོགས་ཀྱིས་ཐུན་མོང་ཐོག་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་བསྐྲུན་རྒྱུའི་ཐད་ཀྱི་ཀྲུང་གོའི་གྲོས་འགོ་དང་ལེན་དང་རྒྱབ་སྐྱོར་ཧུར་ཐག་བྱས་པར་ཀྲུང་གོ་ཕྱོགས་ནས་བསྔགས་བརྗོད་བྱ་རྒྱུ་ཡིན། དེ་རིང་ཕྱོགས་གཉིས་པོས་ཐུན་མོང་ཐོག་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་བསྐྲུན་རྒྱུའི་སྐོར་གྱི་ཀྲུང་གོ་དང་ཨ་ཟེར་བྷེ་ཇན་སྲིད་གཞུང་དབར་གྱི་བསམ་ཤེས་དྲན་ཐོར་མིང་རྟགས་བཀོད་པ་དེ་ཐོག་ནས་རྒྱལ་ཁབ་གཉིས་པོའི་དངོས་གཉེར་མཉམ་ལས་དུས་མཚམས་གསར་པར་སླེབས་པ་མཚོན་ཐུབ་ཅེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོ་དང་ཨ་ཟེར་བྷེ་ཇན་དབར་གྱི་འཕེལ་རྒྱས་འཐབ་ཇུས་ཧ་ཅང་འཚམ་པས་ཀྲུང་གོ་ཕྱོགས་ཀྱིས་ཨ་ཟེར་བྷེ་ཇན་ཕྱོགས་དང་མཉམ་དུ་སྲིད་ཇུས་འབྲེལ་མཐུད་དང་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། གཉིས་ཁེ་གཉིས་ཕན་གྱི་རྩ་དོན་གཞིར་བཟུང་ཁེ་ཕན་གྱི་འཚམ་ཚད་གཅིག་ཏུ་བསྡུས་ནས་ཀྲུང་གོ་དང་ཨ་ཟེར་བྷེ་ཇན་དབར་གྱི་མཛའ་གྲོགས་མཉམ་ལས་འབྲེལ་བའི་ནང་དོན་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་འདོད་ཡོད། ཕྱོགས་གཉིས་པོས་ནུས་རྒྱུ་དང་། འཕྲིན་གཏོང་། རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་ཐད་ཐུན་མོང་ཐོག་ཨ་ཟེར་བྷེ་ཇན་ཕྱོགས་ཀྱི་དོན་དངོས་དགོས་མཁོ་དང་འཚམ་པའི་རྣམ་གྲངས་ཆེ་གྲས་བཏོད་དེ་རྒྱལ་ཁབ་གཉིས་པོའི་དངོས་གཉེར་མཉམ་ལས་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་ཟེར་བྷེ་ཇན་ཕྱོགས་དང་མཉམ་དུ་དངུལ་རྩ་དང་འགྲིམ་འགྲུལ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ས་གནས་ཀྱི་རྒྱལ་ཁབ་ཁག་ཐུན་མོང་ཐོག་གོང་འཕེལ་དར་རྒྱས་དང་མི་དམངས་མཛའ་མཐུན་ངང་འགྲོ་འོང་བྱ་རྒྱུར་ཆ་རྐྱེན་བཟང་པོ་གཏོད་འདོད་ཡོད། ཕྱོགས་གཉིས་པོས་རིག་གནས་དང་སློབ་གསོའི་མཉམ་ལས་བྱ་ཤུགས་ཆེ་རུ་གཏོང་བ་དང་། གྲོས་ཚོགས་དང་། སྤྱི་ཚོགས་ཚོགས་པ། གཞོན་ནུའི་རྩ་འཛུགས། སྨྱན་སྦྱོར་སྤེལ་རེས་བཅས་ལ་སྐུལ་མ་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཕན་ཚུན་རྒྱུས་མངའ་ལོན་པ་དང་བསམ་ཤེས་ཐུབ་ཤུགས་ཆེ་རུ་བཏང་ཐོག་ཀྲུང་གོ་དང་ཨ་ཟེར་བྷེ་ཇན་གྱི་འབྲེལ་བ་འཕེལ་རྒྱས་མྱུར་པོ་དང་། སྤྱི་ཚོགས་དང་དམངས་འདོད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས་ངེས་རེད། ཀྲུང་གོ་ཕྱོགས་ཀྱིས་ཨ་ཟེར་བྷེ་ཇན་ཕྱོགས་དང་མཉམ་དུ་ཁྲིམས་འཛིན་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཁེ་ཕན་སྲུང་སྐྱོང་ཏན་ཏིག་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོ་དང་ཨ་ཟེར་བྷེ་ཇན་ཕྱོགས་གཉིས་པོར་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་རབ་དང་རིམ་པའི་ཐད་ལངས་ཕྱོགས་གཅིག་མཐུན་ཡོད་པས་ཀྲུང་གོ་ཕྱོགས་ཀྱིས་ཨ་ཟེར་བྷེ་ཇན་ཕྱོགས་དང་མཉམ་དུ་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཨེ་ཤེ་ཡའི་རོགས་ལས་ཡིད་རྟོན་སྒྲིག་གཞི་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ནང་གི་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་སྤྱིའི་སྒྲིག་ལམ་དེ་བས་གཞུང་དྲང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་གཏོང་རྒྱུར་སྐུལ་མ་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
         ཨ་ལི་ཡེ་ཕུའུ་ཡིས་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ང་ཚོ་རྒྱལ་ཁབ་གཉིས་པོའི་འབྲེལ་བར་གདེང་འཇོག་གནང་བར་རང་ཉིད་ནས་མོས་མཐུན་རྦད་དེ་ཡོད། ཨ་ཟེར་བྷེ་ཇན་དང་ཀྲུང་གོ་ནི་གྲོགས་པོ་ཡག་པོ་དང་རོགས་ཟླ་ཡག་པོ་ཞིག་རེད། ཉེ་བའི་ལོ་ཤས་ནང་རྒྱལ་ཁབ་གཉིས་པོའི་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་བཅས་སྤེལ་རེས་དང་མཉམ་ལས་ལ་འཕེལ་རྒྱས་མྱུར་པོ་བྱུང་ཡོད། རང་ཉིད་ད་རེས་ཀྲུང་གོར་འཚམས་འདྲི་བྱེད་རིང་ཕྱོགས་གཉིས་པོའི་དབར་ད་དུང་མཉམ་ལས་ཀྱི་ཡིག་ཆ་མང་པོར་མིང་རྟགས་བཀོད་པས་ཕྱོགས་གཉིས་པོའི་འབྲེལ་བ་སྔར་བས་འཕེལ་རྒྱས་གཏིང་ཟབ་འགྲོ་རྒྱུར་སྐུལ་མ་ཐེབས་ངེས་ཡིན་པའི་ཡིད་ཆེས་ཡོད། ཀྲུང་གོའི་འཕེལ་རྒྱས་ནི་འཛམ་གླིང་གི་དྲང་ནུས་ཡིན། ཀྲུང་གོར་རང་ཉིད་ཀྱི་འཕེལ་རྒྱས་འཐབ་ཇུས་མངོན་འགྱུར་བྱུང་བར་ཨ་ཟེར་བྷེ་ཇན་ཕྱོགས་ཧ་ཅང་དགའ་པོ་བྱུང་། “རྒྱུད་གཅིག་ལམ་གཅིག”གི་གྲོས་གཞིར་རྒྱབ་སྐྱོར་ཧུར་ཐག་བྱས་ཏེ་འབྲེལ་ཡོད་མཉམ་ལས་ལ་ཞུགས་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་ལས་དོན་ཁྲོད་འདོན་སྤེལ་བྱས་པའི་ནུས་པ་གལ་ཆེན་ལ་ཨ་ཟེར་བྷེ་ཇན་ཕྱོགས་ཀྱིས་ཚད་མཐོའི་གདེང་འཇོག་བྱས་ཏེ་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་སྤྱིའི་རྩ་འཛུགས་ཁྲོད་མཉམ་ལས་བྱེད་འདོད་ཡོད་ཅེས་གསུངས་པ་རེད། 

  
215-12-09 2015-12-06 2015-12-02 2015-12-02 2015-12-01 2015-11-30 2015-11-30