(པར་ངོས21པར་མཐུད་པ།)ཕྱི་ཉིན་མལ་ལས་ལངས་མ་ཐག ངས་ནོར་བུ་དེ་དག་རྫས་འགྱུར་ལ་ཞིབ་འཇུག་བྱེད་བཞིན་ཡོད་པའི་གྲོགས་པོ་ཞིག་ལ་བསྟན་ནས་ཁོ་ལ“འདི་རྒྱུ་ཆ་ཅི་ཞིག་གིས་བཟོས་པ་ཡིན”ཞེས་དྲིས་པ་ན། “ངས་ཅིག་ལྟ”ཞེས་ཁོས་བཤད་ཞོར་དུ་ནོར་བུ་ཡིན་མིན་མི་ཤེས་པའི་ངའི་ལག་གི་དངོས་པོ་དེ་ཚོ་བླངས་ནས་ཚོད་ལྟ་ཁང་དུ་ཁྱེར། ཅུང་མ་འགོར་བར་ཁོ་ཕྱིར་ཡོང་ནས“ངོ་མ་བསམ་ཡུལ་ལས་འདས་པ་ཞིག འདི་དག་ཚང་མ་ནི་འགྱིག་ཤིང་གི་ཤིང་ཏོག་ལས་བཟོས་པ་རེད། ང་རང་སྐྱེས་ནས་ད་བར་དུ་མཐོང་མ་མྱོང་། ང་ལ་བྱིན་ན་ཆོག་གམ”ཞེས་བཤད། ངས་ནོར་བུ་ཚང་མ་གྲོགས་པོ་ལ་བྱིན་རྗེས་ཕྱིར་པ་ཞེར་བཙལ་དུ་སོང་།

    ངས“ནོར་བུ་དེས་མོ་ལ་དཀའ་ཁག་གཏོད་མ་ཐུབ་པར་མ་ཟད། སྐད་ཅིག་ཙམ་ལ་མོའི་རུམ་ནས་བླངས་བྱུང”ཞེས་པ་ཞེར་ལ་བཤད།

    པ་ཞེར་གྱིས“དངོས་པོ་གསར་བ་ཞིག་འཚོལ་དགོས།”ཞེས་ཡང་བསྐྱར་རེ་བ་བཏོན། ཁོས་ཉ་གསོའི་ཤེལ་བུམ་ཕྱིར་ཁྱེར་ཏེ་མུ་མཐུད་དུ་བྱི་བ་བོས་ཏེ་ལོ་ཙཱ་བྱེད་དུ་བཅུག ཉ་མོས་ང་ལ་ཕྲ་མེན་མར་ཁོག་སྟོང་རྒྱ་ཐུག་ཤིང་གི་ཡལ་ག་ཞིག་བསླངས་ནས་ངའི་མེ་ཏོག་ལྡུམ་རར་འཛུགས་དགོས་ཞེས་བསྟན།

    ཉིན་དེའི་དགོང་མོར། ངས་ཕྲ་མེན་མ་ལ“ང་ལ་ཁོག་སྟོང་རྒྱ་ཐུག་ཤིང་གི་ཡལ་ག་ཆེན་པོ་ཞིག་དགོས”ཞེས་བཤད།

    ཕྲ་མེན་མ“ཧ་ཧ་ཧ། ཐབས་བཀོད་མི་ལེགས་རྒྱུ་མེད་མོད་ཁྱོད་རང་གིས་བསམ་བློ་བཏང་བ་ཞིག་མ་རེད། ཡིན་ནའང་། ཆོག ཆོག ངས་ཁྱོད་ལ་སྟེར”ཞེས་སྨྲས་མ་ཐག“ཚག”སྒྲ་དང་བཅས་ཕྲ་མེན་མས་རང་གི་རུམ་ནས་ཤིང་གི་ཡལ་ག་ཞིག་ཕྱི་རུ་བཏོན། ཡལ་གའི་སྟེང་མེ་ཏོག་མང་པོ་བཞད་འདུག འཇོང་དབྱིབས་དང་མཚུངས་པའི་ལོ་མ་ནི་ཕྱེ་ཡིས་བཟོས་པ་དང་། མེ་ཏོག་ནི་ཤིང་ཏོག་ལས་བཟོས་པ་རེད། སྐད་ཅིག་ཙམ་ལ་ང་རང་ཅི་བྱ་གཏོལ་མེད་དུ་གྱུར་མོད། ངས་མ་ཤེས་ཁུལ་བྱས་ཏེ“འདི་སྡོང་བོའི་ཡལ་ག་ངོ་མ་མ་རེད”ཅེས་ཕྲ་མེན་མ་ལ་ཁ་རྩོད་བྱས།

    ཕྲ་མེན་མས་མུ་མཐུད་དུ“ཁྱོད་ཀྱིས་འདི་ལྟར་བསམ་མམ། རྣ་བར་མི་འགྲོ་ན་ཁྱོད་ཀྱིས་ཡལ་ག་འདི་མེ་ཏོག་ལྡུམ་རར་བཙུགས་ནས་ལྟོས། སྐབས་དེར་ཁྱོད་ཀྱིས་ད་གཟོད་གསལ་བོར་ཤེས་ངེས། ཡ། སང་ཉིན་ཐུག”ཅེས་བཤད།

    ངས་མྱུར་བར་ཡལ་ག་དེ་མེ་ཏོག་ལྡུམ་རར་ཁྱེར་ནས་དོང་ཞིག་བརྐོས་ཏེ་བཙུགས་པ་དང་ཆུ་ཉུང་ཙམ་བླུགས་རྗེས་གཉིད་དུ་སོང་། ཕྱི་ཉིན་ང་མལ་ལས་ལངས་མ་ཐག མེ་ཏོག་ལྡུམ་རར་བལྟ་རུ་སོང་བ་ན། གནམ་རྒན་མ། ཡལ་ག་སྔོན་ལས་སྦོམ་ཞིང་མཐོན་པོར་སྐྱེས་ནས་སྟུག་ཅིང་རྒྱས་པའི་སྡོང་བོ་ཞིག་ཏུ་གྱུར་འདུག དེའི་སྟེང་ལ་བགྲང་གིས་མི་ལངས་པའི་མེ་ཏོག་བཞད་འདུག ངས་སྡོང་བོ་རྩད་པ་ནས་བསློགས་ན་འདོད་མོད། ག་ལ་ཐུབ། ངས་སྡོང་རྩའི་མཐའ་སྐོར་གྱི་ས་བརྐོས་ནས་བལྟས་པ་ན། ཕྲ་ཞིང་རིང་ལ་གྲངས་ལས་འདས་པའི་སྡོང་བོའི་རྩད་པ་མང་པོ་སའི་ཟབ་སར་ཟུག་འདུག་པས། སེམས་ལ་ཡ་མཚན་སྐྱེས་པར་མ་ཟད། ཐ་ན་ཡང་བསྐྱར་པ་ཞེར་བཙལ་དུ་འགྲོ་བའི་སྙིང་སྟོབས་ཀྱང་མེད་སོང་། ང་སྲང་ལམ་དུ་ཕར་འགྲོ་ཚུར་འོང་བྱེད་པ་ལས་ཐབས་མེད་པར་གྱུར། ང་མི་ཚོགས་ཀྱི་ཁྲོད་དུ་འགྲོ་དུས་ཁོ་ཚོས་སྐད་དམའ་མོར་ང་གླེང་གིན་འདུག་པ་འདྲ། ཁོ་ཚོས་ཅི་ཞིག་གླེང་གིན་འདུག་པའང་ངས་འོལ་ཚོད་ཐུབ་སྟེ“ན་གཞོན་དེ་ངོ་མ་ལས་ངན་ཞིག་རེད། ཁྱོད་ཀྱིས་ལྟོས་དང་། སྐབས་འདིར་ཁོ་ཚུར་ལ་ཡོང་གིན་འདུག སྙིང་མ་རྗེ། དགོང་མོར་ཕྲ་མེན་མས་ཁོ་ཁང་པ་ནས་ཕྱིར་བསྐྲད་ངེས”ཞེས་ལབ་བཞིན་པ་འདྲ།

    ཉིན་གུང་གི་དུས་སུ། པ་ཞེར་གྱིས་ང་ལ“ཅི་འདྲ་རེད། ཆོག་གམ”ཞེས་ཁ་པར་བཏང་ནས་དྲིས།

    “མ་བཟང་ཐལ། གཏན་ནས་མ་བཟང་ཐལ། ད་ང་ཚར་སོང་བ་རེད། དེ་རིང་དགོང་མོར་ཕྲ་མེན་མས་ང་ཁང་པ་ལས་ཕྱིར་བསྐྲད་རྒྱུ་རེད”ཅེས་བཤད།

    “ཨ་ལ། ཁྱོད་ཀྱིས་ཅི་ཞིག་ལབ་ཀྱིན་ཡོད། སེམས་མ་སྐྱོ། ཡིད་མ་ཕམ། འདིར་ཤོག་དང་འུ་གཉིས་ཀས་ཉ་མོ་ལ་འདྲི། ཉ་མོས་གསལ་བོར་ཤེས་ངེས”ཟེར།

    ངས“ཕན་ཅི་ཞིག་ཡོད་དམ། ཕྲ་མེན་མ་ལ་དཀའ་ཁག་བཟོ་ཐུབ་རྒྱུ་མ་རེད”ཅེས་བཤད།

    ཁོས“ཐབས་བཀོད་ལེགས་པོ་ཞིག་ཡོད་ངེས། མྱུར་དུ་ཤོག ཁྱོད་དཔའ་ཞུམ་ཚུལ་ལྟོས་དང་། ང་ཡང་ངོ་གནོངས་པ་ཞིག་རེད།”

    “ཡ། ང་ཡོང་། གལ་ཏེ་ཁྱོད……”

    དེ་ནས་ང་ཡང་བསྐྱར་པ་ཞེར་གྱི་གམ་དུ་ཕྱིན། ང་མ་ཐོན་གོང་ནས་པ་ཞེར་གྱིས་གྲ་སྒྲིག་དཔེ་མེད་པ་ཞིག་བྱས་འདུག་སྟེ། ཉ་གསོའི་ཤེལ་བུམ་སྔ་མོ་ནས་ཕྱི་ལ་བླངས་ཡོད། བྱི་བའང་ཉ་གསོའི་ཤེལ་བུམ་གྱི་ལོགས་སུ་ཙོག་པུར་བསྡད་ནས་བསྒུགས་འདུག ངས་བྱི་བ་ལ་དོན་དག་གི་བརྒྱུད་རིམ་ཐེངས་གསུམ་བཤད་པ་ཡིན། བྱི་བས་ལོ་ཙཱ་བྱས་རྗེས། ཉ་མོ་གཉིས་ཀས་དུས་ཡུན་རིང་བོ་ཞིག་ལ་གྲོས་མོལ་བྱས། ད་ཐེངས་ཉ་མོ་སེར་པོ་ཆུ་ངོགས་སུ་ཡོང་སྟེ་དལ་ལ་ལྷོད་པོའི་ངང“པོར་པོར་པོར……

    པོར་པོར་པོར”ཞེས་པའི་སྒྲ་ཆུ་ཚོད་སྐར་མ་བཅུ་ལྷག་གི་རིང་ལ་གྲགས།

    སྐབས་དེར། བྱི་བས་ཁ་ཕྱིར་འཁོར་ནས་སྐར་མ་བཅུ་ལྷག་གི་རིང་ལ་ཙི་ཙི་ཞེས་གྲགས། ངས་པ་ཞེར་ལ“ཉ་མོས་ཅི་ཟེར”ཞེས་དྲིས་པ་ན།

    པ་ཞེར་གྱིས“དོན་དག་ལས་སླ་མོ་ཞིག་མིན་རྐྱེན་ཁྱོད་ཀྱིས་མཉམ་ཞོག དགོང་མོར་ཁང་པར་ཕྱིར་ལོག་ནས་ཕྲ་མེན་མ་ལ་ལུས་གང་བོར་སྤུ་སྐྱེས་ཡོད་པའི་སྦལ་བ་ཞིག་སློངས། རེ་བ་འདིས་ཕྲ་མེན་མ་ཐར་ས་མེད་པའི་ལམ་ཞིག་ལ་འདེད་ཐུབ་ངེས། ལུས་གང་བོར་སྤུ་སྐྱེས་ཡོད་པའི་སྦལ་བ་ནི་ཕྲ་མེན་མ་དེ་རེད། ཁོ་མོ་ནི་ལུས་གང་བོར་སྤུ་སྐྱེས་ཡོད་པའི་སྦལ་བ་ཞིག་གི་སྤྲུལ་བ་རེད། འདི་ལྟར་ཡོང་ན། མོ་ལ་ཐར་བའི་ལམ་གཉིས་ཡོད་དེ། གཅིག་ནི་ཁོ་མོར་ཁྱོད་ལ་སྟེར་རྒྱུ་མེད། གང་ལྟར་མོ་ལ་སྟེར་རྒྱུ་མེད་ན། མོ་རང་ཁང་པ་དང་ཁ་བྲལ་ནས་འགྲོ་དགོས་པ་དང་། གཉིས་ནི་མོས་ཁྱོད་ལ་སྦལ་བ་ཞིག་སྟེར་ངེས། དེ་ལྟར་ཡིན་ན། མོ་རང་ཉིད་སྦལ་བ་ཞིག་ཏུ་འགྱུར་དགོས། གང་ལྟར་ཕྲ་མེན་མ་སྦལ་བ་ཞིག་ཏུ་གྱུར་སོང་ན་ཕྱིར་ཕྲ་མེན་མའི་རྣམ་པ་སྤྲུལ་མི་ཐུབ་པས། ཕྲ་མེན་མ་གཏུམ་མོ་ཞིག་ཀྱང་ག་ལ་ཡོད། གལ་ཏེ་ཕྲ་མེན་མ་ཏག་ཏག་སྦལ་བ་ཞིག་ཏུ་གྱུར་སོང་ན། ཁྱོད་ཀྱིས་མྱུར་དུ་སྦལ་བ་ཐག་པས་སྡོམས། སྐབས་དེར་ཕྲ་མེན་མ་སྤྱིར་བཏང་གི་སྦལ་བ་ཞིག་ཏུ་འགྱུར་བས། ཁྱོད་ལ་གནོད་པ་ཅི་ཡང་བྱེད་མི་ཐུབ”ཅེས་སྨྲས།

    ངའི་སེམས་སུ་ཡང་བསྐྱར་རེ་བས་ཁེངས། ངས་པ་ཞེར་ལ“ཁྱོད་ཀྱི་ཚོང་ཁང་དུ་ཐག་པ་བཙོང་རྒྱུ་ཡོད་དམ”ཞེས་དྲིས་པ་ན། པ་ཞེར་གྱིས་ང་ལ་ཐག་པ་རིང་བོ་ཞིག་བྱིན། ངས་ཁོ་ལ་བཀའ་དྲིན་ཞུས་རྗེས་ཕྱིར་སོང་། དགོང་མོར་ཕྲ་མེན་མ་དུས་ལྟར་ང་བཙལ་དུ་ཡོང་ནས“གླེན་ཕྲུག ད་ཐེངས་ངས་ཁང་པ་འདི་ལས་ཁྱོད་ཕྱིར་བསྐྲད་དགོས། དངོས་པོ་ཅི་ཞིག་དགོས་ན་བསམ”ཟེར།

    ངས་ཁུག་མའི་ནང་གི་ཐག་པར་རེག་རེག་བྱས་ཏེ “ང་ལ་སྤུ་སྐྱེས་ཡོད་པའི་སྦལ་བ་ཞིག་དགོས”ཞེས་ལན་བཏབ།

    སྐད་ཅིག་ཙམ་ལ་ཕྲ་མེན་མ་ཧད་དེ“ཅི་ཟེར། དངོས་པོ་གཞན་པ་ཞིག་སློངས”ཞེས་མོས་ཁ་ལས་ལྦུ་བ་དཀར་པོ་འཕྱུར་བཞིན་དུ་སྨྲས།

    ངས་མུ་མཐུད་དུ་ཨུ་ཚུགས་ཀྱིས“དངོས་པོ་གཞན་པར་བརྗེ་དགོས་དོན་ཅི་རེད། ང་ལ་གཞན་ཅི་ཡང་མི་དགོས། ང་ལ་ངེས་པར་སྤུ་སྐྱེས་ཡོད་པའི་སྦལ་བ་ཞིག་དགོས”ཞེས་བཤད།

    “ཁྱོད་ཀྱིས་རེ་བ་འདི་ལྟར་ཞུས་ན་མི་ཆོག”

    “དེས་ན་ཁྱོད་ཀྱིས་ང་ལ་སྤུ་སྐྱེས་ཡོད་པའི་སྦལ་བ་ཞིག་སྟེར་མི་ཐུབ་པའི་དོན་ཡིན་ནམ།”

    “ངས་སྟེར་ཐུབ་མོད། འུ་གཉིས་ཀས་གྲོས་ཐོག་ལ་བཞག་པའི་ཆ་རྐྱེན་འདི་ལྟར་མིན།”

    “འདི་ལྟར་བཤད་ན། ཁྱོད་ཀྱིས་མི་སྟེར་ཟེར་བ་ཡིན་ནམ།”

    “ངས་མི་སྟེར།”

    “དེས་ན་ཁྱོད་ཕྱི་ལ་སོང་། ང་ནི་ཁང་པ་འདིའི་བདག་པོ་ཡིན།”

    ཕྲ་མེན་མས“ཨ་ལ་ལ། ཁྱོད་ནི་ངོ་མ་ཨུ་ཚགས་ཅན་ཞིག་རེད། འདི་ལྟར་ཡིན་ན། ཆོག་གི། ངས་ཁྱོད་ལ་སྤུ་སྐྱེས་ཡོད་པའི་སྦལ་བ་ཞིག་སྟེར”ཞེས་སྨྲས་མ་ཐག བལྟས་བལྟས་རིག་རིག་ལ་ཕྲ་མེན་མའི་རྐང་ལག་བཞི་བོ་བསྐུམས་ནས་ཁོག་སྟོད་སྒུར་བ་དང་། ལྟོ་བ་ཇེ་ཆེར་སྦོས་ནས། སྤོ་ལོ་ལྟ་བུར་གྱུར་རྗེས་མཐར་ལེབ་ལེབ་ཏུ་གྱུར་སོང་། ཁ་བས་ལས་པའི་མི་ཞིག་ཉི་མས་བཞུས་པ་ལྟར་སྐད་ཅིག་ཙམ་ལ་ངའི་མིག་ལམ་དུ་འཇིགས་སུ་རུང་བའི་སྦལ་བ་ཞིག་ཤར་བྱུང་། སྦལ་བ་གཞན་དག་དང་མི་འདྲ་ས་ཞིག་ཡོད་པ་ནི། ངའི་མདུན་གྱི་སྦལ་བ་འདིའི་མགོ་ལ་སྤུ་ཐ་ཐོར་དུ་སྐྱེས་ཡོད། སྦལ་བར་གྱུར་པའི་ཕྲ་མེན་མས་མཐིལ་ཤིང་སྟེང་ནས་རྐང་ལག་བཞི་བརྒྱངས་བྱས་ཏེ་རང་སྲོག་ལ་མི་འཛེམ་པར“ཀྭ ཀྭ ཀྭ”ཞེས་གྲེ་བ་བསངས་པའི་སྐད་རྒྱག་བཞིན་པ་དང་མཚུངས།

    ངས་མྱུར་དུ་སྦལ་བ་སར་མནན་རྗེས། ཁུག་མ་ལས་ཐག་པ་བླངས་ནས་སྦལ་བ་དམ་པོར་བསྡམས། སྦལ་བས་ནུས་ཤུགས་ཡོད་ཚད་བཏོན་ནས་འཕག་འཚག་བྱས་ཀྱང་ཐར་མ་ཐུབ་པས་མུ་མཐུད་དུ་མིག་ཅེར་རེར་བགྲད་ནས“ཀྭ ཀྭ ཀྭ”ཞེས་སྔར་བཞིན་དུ་འགྲེ་བ་བསངས་པའི་སྐད་བརྒྱབ་བྱུང་།

    ངས་མྱུར་དུ་སྦལ་བ་འདི་ཁྲུས་ཁང་དུ་ཁྱེར་ནས་ལུས་སྟེང་གི་ཐག་པ་གྲོལ་ཏེ་རྫ་སྣོད་ཞིག་གི་ནང་དུ་བཞག་པར་མ་ཟད། རྫ་སྣོད་ནང་དུ་ཐེམ་སྐས་ཆུང་ངུ་ཞིག་ཟུར་དུ་བཅུག་ནས་ཆར་བ་འབབ་པའི་སྐབས་སུ་སྦལ་བ་ཐེམ་སྐས་ལ་འགོས་ཏེ“ཀྭ”ཞེས་འབོད་དུ་བཅུག སྦལ་བས་ཆར་བརྟག་ཡོ་བྱད་ཀྱི་གོ་ཆོད་པས། ངས་ཆར་བརྟག་ཡོ་བྱད་འདི་པ་ཞེར་ལ་ཕུལ་བ་དང་། པ་ཞེར་གྱིས་ང་ལ་སྙིང་ཐག་པ་ནས་བཀའ་དྲིན་ཞུས་རྗེས་སྦལ་བ་བཞག་ཡོད་པའི་རྫ་སྣོད་དེ་ཉ་གསོའི་ཤེལ་བུམ་གྱི་ལོགས་སུ་བཞག་གོ།

    དེ་ནས་བཟུང་། སྦལ་བས“ཀྭ ཀྭ ཀྭ”ཞེས་བཤད་པ་ན། ཉ་མོས“པོར པོར པོར”ཞེས་ལན་བཏབ་ནས་ཉིན་མཚན་མེད་པར་ལབ་ཚར་རྒྱུ་ཞིག་མི་འདུག

    ཉི་འོད་དྲོ་ཞིང་རླུང་འཇམ་པའི་ཉིན་ཞིག་ལ་ངས་པ་ཞེར་ལ།

    “ཁྱོད་ཀྱི་བྱི་བ་གདན་འདྲེན་ཞུས་ནས་ཉ་མོ་དང་སྦལ་བའི་སྐད་ཆ་ལོ་ཙཱ་བྱས་ན་ཆོག་གམ”ཞེས་དྲིས་པར།

    “ལོས་ཆོག”ཅེས་པ་ཞེར་གྱིས་ཡང་བསྐྱར་བྱི་བ་བོས་ནས་ལོ་ཙཱ་བྱེད་དུ་བཅུག་མོད། འོན་ཀྱང་ད་ཐེངས་བྱི་བས་ཁས་མ་བླངས།

    ཅིའི་ཕྱིར་ཞེ་ན། ཉ་མོ་དང་སྦལ་བ་གཉི་ག་ཕན་ཚུན་ལ་འཕ་དམོད་བྱེད་ཀྱིན་འདུག་ཟེར།

    དུས་དེ་རིང་ནས་བཟུང་ཁྱེད་རང་ངའི་ཁང་པར་ཕེབས་ནས་ཉིན་མཚན་གང་ལ་ཡང“ངས་བསམ་གྱིན། བསམ་གྱིན། ཕྲ་མེན་མར་ཐེངས་གཅིག་བརྡུངས་ན་འདོད”ཅེས་པའི་འདྲེ་གླུ་འདི་བླངས་ནའང་། ཁྱེད་ལ་དོན་དག་མི་འབྱུང་ཁོ་ཐག་ཡིན།།

    མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གི2011ལོའི་ལོ་ཙཱ་འཛིན་གྲྭའི་ཡིན།

    མཚོ་སྔོན་བོད་ཡིག་གསར་འགཡུར།པར་ངོས 22 པ਍2015·01·30

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།


འབྲེལ་ཡོད་རྩོམ་ཡིག