ནིར་གུ་ཎ།

2018-10-16
0

 

   གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་ཡ་གྱལ་ཡིན། ཡོངས་གྲགས་སུ་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའམ་བརྒྱད་ཅུ་ཞེས་གྲགས་པ་ནི་བླ་མ་རྡོ་རྗེ་གདན་པས་ཚོགས་འཁོར་མཛད་པའི་དུས་སྐབས་སུ་བྱོན་པའི་གྲུབ་ཐོབ་གྲངས་ལ་བརྒྱད་ཅུ་བྱུང་བར་བརྟེན་ནས་དེ་ལྟར་གྲགས་པ་ཡིན། གྲུབ་ཆེན་བརྒྱད་ཅུ་རྩ་བཞི་དེ་དག་ནི་སྤྱི་ལོའི་དུས་རབས་བདུན་པ་ནས་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་མཇུག་བར་ལོ་ངོ་དྲུག་བརྒྱའི་རིང་བྱོན་པའི་སྙན་གྲགས་ཆེ་ཤོས་ཀྱི་གྲུབ་ཐོབ་ཤ་སྟག་ཡིན། 

  རྣམ་ཐར་མདོར་བསྡུས།

    སློབ་དཔོན་ནིར་གུ་ཎའི(ཡོན་ཏན་མེད)ལོ་རྒྱུས་ནི།    ཡུལ་པུར་ཝ་དེ་ཤ།     རིགས་དམངས་རིགས་སོ།   །   དེའང་དམངས་རིགས་ཀྱི་ཁྱིམ་བདག་གཅིག་ལ་བུ་གཅིག་བཙས་པ་ལ་བཙས་སྟོན་རྒྱ་ཆེན་པོ་བྱས་ཏེ་སྐྱེད་བསྲིངས་སོ།   ། དེ་ཆེར་སོང་བ་དང་དེ་ལས་ལ་ངན་ཞིང་ལེ་ལོ་ཆེ་བས་འཇིག་རྟེན་གྱི་བྱ་བ་གང་ཡང་མི་ཤེས་ཤིང་ཉིན་མཚན་ཀུན་ཏུ་གཉིད་ལོག་གིན་འདུག་པ་དང་།     དེའི་ཕ་མ་ལ་སོགས་ཉེ་འབྲེལ་ཐམས་ཅད་བྱ་བ་གང་ཡང་མི་ཡོང་ཞིང་།  ལེ་ལོ་ཅན་འཇིག་རྟེན་གྱི་རྣམ་བཞག་བཟང་ངན་གང་ཡང་མི་ཤེས་པ་འདི་འདྲ་བའི་མི་སྐྱེས་པ་ལས་ཤིང་ཏོག་གཅིག་སྐྱེས་ན་བཟང་ཉན་ཟེར་ནས་ཀུན་གྱིས་འབར་ཞིང་གནས་དབེན་པ་ཞིག་ཏུ་བཞག་གོ །དེའི་གན་དུ་དགེ་སློང་ལྷུང་བཟེད་འབྲས་ཆན་གྱིས་བཀང་བ་གཅིག་བྱོན་ནས།   འབྲས་ཆན་དེ་དགེ་སློང་རང་གིས་གསོལ།   དེ་ལ་ཡང་བྱིན་ནས་ཁྱོད་སུ་ཡང་མེད་པའི་གནས་དབེན་པ་འདི་ན་ཅི་བྱེད་ཀྱིན་འདུག་གསུངས་པས།   བདག་ལེ་ལོའི་དབང་གིས་འཇིག་རྟེན་གྱི་བྱ་བ་གང་ཡང་མི་ཤེས་པས།   ཕ་མ་ཉེ་འབྲེལ་སོགས་ཀྱིས་རྟག་ཏུ་ཁ་ཟེར་གྱིན་སྤངས་ཏེ་འདིར་འདུག་པ་ལགས་ཟེར།    དགེ་སློང་ན་ར་ཁྱོད་འཁོར་བའི་ཆོས་སྐྱེ་རྒ་ན་འཆི་ལ་སོགས་པའི་སྡུག་བསྔལ་གྱིས་མི་འཇིགས་སམ།     འཇིགས་ན་ཆོས་གྱིས་གསུངས་པས།   འཕགས་པ་བདག་ལ་ཆོས་སུས་སྟེར།   ཆོས་སྟེར་མི་ཡོད་ན་དང་ཆོས་བྱེད་པ་ལགས་ཟེར།   ཆོས་དགོས་ན་ངས་སྦྱིན་གྱིས་གསུངས་ནས་དབང་བསྐུར།   སྟོང་པ་དང་སྙིང་རྗེ་འོད་གསལ་གསུམ་གྱི་གདམས་ངག་བྱིན་ཏེ།    དེས་ཀྱང་ཅི་ཡང་མི་ཤེས་པའི་རང་གི་སེམས་ཀྱི་དམིགས་པ་དང་།    འཇིག་རྟེན་གྱི་རྟོག་པ་གཅིག་ཏུ་བསྒོམས་པས་སྣང་སྲིད་ཐམས་ཅད་སྟོང་པར་རྟོགས་ཏེ།    དེ་ལྟར་གང་ཡང་མི་ཤེས་པའི་སྟོང་པ་ཉིད་བསྒོམས་ཤིང་བསོད་སྙོམས་བསླངས་པས།  མི་ཀུན་ན་རེ།   ཁྱོད་སུ་ཡིན་དོན་ཅི་ཡོད་ཟེར་བ་ལ།   ངས་གང་ཡང་མི་ཤེས་བྱས་པས།    འདི་རྨོངས་པ་ཞིག་འདུག་ཟེར་ཞིང་བཞད་གད་བྱེད་པ་ལ།    རང་གཞན་གཉིས་ཀ་ལ་སྙིང་རྗེ་སྐྱེས་ཏེ་ངུས་པས།  བདག་གཞན་གཉིས་ཀ་མ་གྲུབ་པར་རྟོགས་ཏེ།   དམིགས་པ་མེད་པའི་སྙིང་རྗེ་བསྒོམས་པས་སྙིང་རྗེ་སྟོང་ཉིད་དུ་ཐིམ་ནས།        སྟོང་ཉིད་འོད་གསལ་གྱི་རྟོགས་པ་སྐྱེས་ཏེ།    སེམས་ཀྱི་དྲི་མ་དག་པས་འཁོར་བ་ཐོག་མ་མེད་པ་ནས་མ་རིག་པའི་ཆོས་རྙིང་པའི་འཁྲུལ་པ་ནི་སྟོར་ནས་མ་ཤེས།    འོད་གསལ་གནས་ལུགས་ཀྱི་ཆོས་གསར་པ་མ་འཁྲུལ་བ་དང་འཕྲད་ནས།    རྒྱ་མཚོར་གྲུ་ཞིག་པ་ལྟར་འཁྲུལ་པ་རང་སར་ཞིག་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་སྟེ།   མཚན་ཡང་སློབ་དཔོན་ནིར་གུ་ཎ་ཞེས་ཕྱོགས་ཀུན་ཏུ་གྲགས་སོ།  །རྟོགས་བརྗོད་ནི།    ཆུ་རླབས་ལྟ་བུའི་ཉམས་བསྟན་སྤྱོད་པ་བགས་ཀྱིས་འགྲོ་བར་བྱ།   །བླ་མ་དམ་པའི་གདམས་ངག་གིས།   །ཆགས་སྡང་རྟོག་པ་རང་ཞིར་བྱ།   །ཞེས་གསུངས་ནས་ཡུལ་པུར་པ་དེ་ཤའི་འགྲོ་བ་དུ་མའི་དོན་མཛད་དོ།   །ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ།   །

  • 顶 0