གོ་ལ།

2019-01-29
0

 

 དུས་འཁོར་ལུགས་ཀྱི་གོ་ལའི་རྣམ་བཞག་ལ།    བརྟན་གཡོའི་རླུང་ཇི་སྙེད་ཀྱིས་གནམ་གྱི་གོ་ལ་བཏེགས་ཏེ།    དབྱིབས་གདུགས་ཕུབ་པ་བཞིན་རི་གླིང་རྣམས་ཀྱི་སྟེང་དུ་དབུས་མཐོ་རི་རབ་ལ་ཉེ་ཞིང་།     མཐའ་ཁྱུད་གཞོལ་གྱིས་དམའ་སྟེ་མེ་དཀྱིལ་ལ་ཉེ་བ།    དེའི་སྟེང་དུ་རྒྱུ་སྐར་ཉེར་བདུན་ཕྲ་བཏབ་པ་བཞིན་དུ་གནས།      རླུང་སྟོབས་ཀྱིས་ཉིན་ཞག་རེར་གོ་ལ་རྫོགས་པར་འཁོར་ཐེངས་གཅིག་གཡས་སུ་བསྐོར་བ་དེ་མིག་གི་ཡུལ་དུ་ཤིན་ཏུ་གསལ་བས་ན“སྣང་འགྲོས”སམ“རླུང་འགྲོས”ཞེས་གྲགས།    གཟའ་བདུན་དང་དུ་བ་མཇུག་རིང་རྣམས་རང་རང་སྐྱེས་སྐར་སྟེང་ནས་ཁ་ཤར་དུ་ཕྱོགས་ཏེ་ལྷུན་པོ་ལ་གཡོན་བསྐོར་ཚུལ་གྱིས་སྐར་ཁྱིམ་ལ་སྤྱོད་པ་དེ་ལ“རང་འགྲོས”ཞེས་གྲགས།    དེ་ལྟར་གཟའ་རྣམས་རང་དབང་གི་འགྲོས་ཀྱིས་རྒྱུ་སྐར་འཁོར་ལོ་རྫོགས་པར་སྤྱོད་པའི་ཡུན་ཚད་ནི་གཟའ་དེ་དང་དེའི་དཀྱིལ་འཁོར་ཡིན་ནོ། །

 བོད་དུ་གྲགས་པའི་སྣང་འགྲོས་དང་རང་འགྲོས་གཉིས་ཀ་དེང་གི་གནམ་རིག་ཏུ་སྣང་འགྲོས་ཟེར་ཏེ།   སྐར་ཁྱིམ་ལ་ཉིན་འཁོར་སྣང་འགྲོས།    ཉི་མ་ལ་ལོ་འཁོར་སྣང་འགྲོས།    ཟླ་བ་ལ་ཟླ་འཁོར་སྣང་འགྲོས་ཞེས་དབྱེ་བ་གསུམ་དུ་ཕྱེ།    གཟའ་ལྔ་ལའང་ལོ་འཁོར་སྣང་འགྲོས་ཟེར་ཡང་།    དེ་དག་རང་རང་གི་དཀྱིལ་འཁོར་རེ་ལ་ཁྱིམ་ལོ་རེར་བརྩི་བ་ཡིན་གྱི།     རང་རེའི་ས་དཀྱིལ་སྟེང་གི་ཁྱིམ་ལོ་དང་མི་གཅིག་སྟེ།    དཔེར་ན་གཟའ་སྤེན་པའི་སྟེང་གི་ཁྱིམ་ལོ་གཅིག་ནི་ས་དཀྱིལ་སྟེང་གི་ཁྱིམ་ལོ་ཧ་ལམ་ལོ་སུམ་ཅུ་ཡིན་པ་ལྟ་བུའོ། །

དུས་འཁོར་ལུགས་ལ་གཟའ་རྣམས་སྐར་ཁྱིམ་སྟེང་དུ་རྒྱུ་བ་པོ་ཡིན་པས་ན་བགྲོད་བྱེད་ཅེས་བྱ་ཞིང་།    རྒྱུ་སྐར་ཉེར་བདུན་ནི་གཟའི་རྒྱུ་བ་གསལ་བའི་བཀྲ་རྟགས་ཡིན་པས་ན་བགྲོད་བྱ་རྒྱུ་སྐར་ཞེས་པའི་ཐ་སྙད་སྦྱོར་བ་ཡིན་གྱི།    རྒྱུ་བ་པོའི་སྒོ་ནས་མིང་བཏགས་པ་མ་ཡིན་ནོ། །དེང་གི་གནམ་རིག་ཏུ་དེ་དག་ལ་རྒྱུ་བའི་སྐར་མ་མི་ཟེར་བར།    བརྟན་སྐར་ཞེས་ཟེར།    དེ་ལྟ་བས་ན་རྒྱའི་ལོ་ཙཱ་བ་ལ་ལས་རྒྱ་སྐད་ཀྱི(行星)ཞེས་པ་དེ་བོད་སྐད་དུ་ཐད་བསྒྱུར་བྱས་ཏེ“རྒྱུ་སྐར”ཞེས་བསྒྱུར་བ་ནི་དོན་དང་མཐུན་པར་མི་སྣང་ངོ་། །རྒྱུ་གཟའ་འམ་བགྲོད་བྱེད་གཟའ་ཞེས་བསྒྱུར་ན་ལེགས་སྙམ།

 དུས་འཁོར་ལུགས་ལ་སྒྲ་གཅན་ཡང་བགྲོད་བྱེད་ཅིག་ཡིན་ཡང་།    གཟའ་གཞན་དང་མི་འདྲ་བར་རང་གི་སྐྱེས་ཁྱིམ་ནས་བརྩམས་ཏེ་ཁ་ནུབ་ཏུ་ཕྱོགས་ཏེ་གཡས་བསྐོར་གྱིས་སྐར་ཁྱིམ་སྤྱོད་ཅིང་།    དེའི་ཚེ་རྟག་པའི་ལོངས་སྤྱོད་ལ་རྐང་པའི་འཕེལ་འགྲིབ་མེད་པས་རྟག་ལོངས་ཅན་དུ་གྲགས་སོ། །

 དེང་རབས་ཀྱི་གནམ་རིག་ལྟར་ན།     སྤྱིར་ཉི་མས་ལོ་གཅིག་ལ་རྒྱུ་སྐར་གྱི་གོ་ལར་བསྐོར་བ་ཐེངས་གཅིག་བྱེད་པའི་བགྲོད་ལམ་དེ་ལ་སེར་ལམ་ཞེས་པའི་ཐ་སྙད་སྦྱོར་ཞིང་།   ཟླ་བས་གོ་ལར་འཁོར་བའི་བགྲོད་ལམ་དེ་ལ་དཀར་ལམ་ཟེར།    དེ་ལྟ་བུའི་སེར་ལམ་དང་དཀར་ལམ་གཉིས་ཀ་ཨ་ལོང་ཆེ་ཆུང་གཉིས་ཀྱི་མུ་ཁྱུད་ངོས་མཉམ་པ་གཅིག་གི་སྟེང་དུ་གནས་པ་མ་ཡིན་པར།    ཕན་ཚུན་ཏུའུ་ལྔ་ཙམ་གཟུར་བའི་ཚུལ་གྱིས་སྣོལ་སྡེབ་ཏུ་གནས།    དེ་ཡང་ཟླ་བ་སེར་ལམ་གྱི་ལྷོ་ནས་བྱང་དུ་རྒྱུ་བ་དང་།    བྱང་ནས་ལྷོ་རུ་རྒྱུ་བའི་སྐབས་གཉིས་བྱུང་བ་ལས།    སྔ་མ་ནི་འོག་ནས་གྱེན་དུ་རྒྱུ་བ་དང་།    ཕྱི་མ་ནི་སྟེང་ནས་ཐུར་དུ་རྒྱུ།   ཟླ་བ་དཀར་ལམ་ལ་བརྒྱུད་དེ་ལྷོ་མཐའ་ནས་གྱེན་དུ་རྒྱུ་བའི་ལམ་བར་ན་སེར་ལམ་དང་འཕྲད་པའི་གནས་དེའི་མིང་ལ་གྱེན་རྒྱུའི་འཕྲད་ས་དང་།    བྱང་མཐའ་ནས་ཐུར་དུ་ལྷོར་རྒྱུ་བའི་ལམ་བར་ན་སེར་ལམ་དང་འཕྲད་པའི་གནས་དེའི་མིང་ལ་ཐུར་རྒྱུའི་འཕྲད་ས་ཞེས་ཟེར་བ་འདི་གཉིས་དུས་འཁོར་ལུགས་ལ་སྒྲ་གཅན་དང་དུས་མེའམ་སྒྲ་གཅན་གདོང་མཇུག་ཟེར།    དུས་འཁོར་ལུགས་ལ་སྒྲ་གཅན་འཁོར་ལོ་ཚེས་ཞག་དྲུག་སྟོང་དགུ་བརྒྱ་ཐམ་པ་སྟེ།    ཉིན་ཞག་དྲུག་སྟོང་བདུན་བརྒྱ་དགུ་བཅུ་གོ་གཉིས་དང་བརྒྱ་ཆ་བཞིར་འདོད།    དེང་གི་གནམ་རིག་ལ་ཉིན་ཞག་དྲུག་སྟོང་བདུན་བརྒྱ་དགུ་བཅུ་གོ་གསུམ་དང་བརྒྱ་ཆ་ཞེ་དྲུག་ཏུ་འདོད།    དེ་གཉིས་ལ་དྷྲུ་ཝ་ཀའི་ཁྱད་པར་ཕྲན་བུ་ཡོད་པ་དང་།   ཐ་སྙད་འདོགས་ཚུལ་མི་འདྲ་བ་མ་གཏོགས།    དོན་གཅིག་ཡིན་པ་ལྷང་ངེར་མངོན།

 ཉེ་ཆར་ཁ་ཅིག་གིས་དེ་དོན་མ་གོ་བར་སྒྲ་གཅན་དུས་མེ་ཞེས་པའི་ཐ་སྙད་དེ་དག་དེང་རབས་ཀྱི་གནམ་རིག་ལ་མེད་བཞིན་དུ་དངོས་པོ་གཟུགས་ཅན་པ་ཡིན་པར་ཡང་ཁས་མི་ལེན་པས་རྨོངས་དད་ཁོ་ན་ཡིན་ཞེས་ཁ་ཚོན་གཅོད་པའི་རྐྱེན་གྱིས།      སྐར་རྩིས་པ་འགའ་ཞིག་གིས་ཀྱང་བོད་ཀྱི་གྲུབ་མཐའ་འདི་དེང་རབས་ཚན་རིག་གི་བཤད་སྲོལ་དང་མི་མཐུན་ན་ཀུན་གྱིས་སྣང་ཆུང་ཁྱད་གསོད་ཀྱི་ཡུལ་དུ་འགྱུར་བར་དོགས་ནས་སྒྲ་གཅན་ཞེས་པའི་མིང་ཙམ་ཡང་ཁ་ནང་དུ་ལེན་མི་ཕོད་པར་མ་ཟད།      དུས་འཁོར་ལུགས་ཀྱི་གོ་ལའི་རྣམ་བཞག་འདི་ཉི་མ་འཁོར་གཞི་ལྟེ་བར་སྨྲ་བའི་ལུགས་དང་ཡོངས་སུ་མཐུན་པར་ཨུ་ཚུགས་ཀྱིས་བཤད་པ་ནི་དགོས་མེད་ཀྱི་རྣམ་རྟོག་འབའ་ཞིག་ཡིན་ཏེ།    དབྱིན་ཇིའི་ཚན་རིག་པ་མཁས་དབང་ཆེན་པོ་ཇོ་སིབ་ཉེ་དྷམ(Joseph Needham)གྱིས་སྤྱི་ལོ1959ལོར་བརྩམས་པའི《ཀྲུང་གོའི་ཚན་རིག་གཞུང་ལུགས》ཞེས་པའི་ལོ་རྒྱུས་རྒྱས་པ་རབ་ཏུ་བྱེད་པ་བདུན་ཅན་གྱི་རབ་བྱེད་གཉས་པའི་ལེའུ་ཉི་ཤུ་པའི་ས་བཅད་བཅུ་པ(རྒྱ་སྐད་དུ་བསྒྱུར་བའི་ཤོག་ངོས་དྲུག་བརྒྱ་རེ་དྲུག)ལས།    “ལོ་རྩིས་འབའ་ཞིག་གི་ཆེད་དུ་ཡིན་ན།    ས་ཟླུམ་དེ་འཁོར་གཞི་ལྟེ་བར་སྨྲ་བ་དང་ཉི་མ་འཁོར་གཞི་ལྟེ་བར་སྨྲ་བ་གཉིས་ཏེ།    མི་འགུལ་བར་རང་སོར་གནས་པ་དེ་ས་དཀྱིལ་དང་ཉི་དཀྱིལ་གང་ཡིན་ཡང་རུང་།    ཕན་ཚུན་བར་ཐག་ཁད་རིང་ཐུང་དང་སྣོལ་སྡེབ་ཀྱི་ཏུའུ་ཡི་གྲངས་ཀ་འབབ་ས་གཅིག་ཏུ་འཆར་རོ། །གནད་འགག་ནི་དངོས་སུ་རྟོག་འཇུག་ལས་ཐོབ་པའི་མྱོང་བྱང་གི་དྷྲུ་ཝ་དེ་དག་རགས་ཞིབ་ཀྱི་ཚད་ལ་རག་ལས་པ་ཡིན་གྱི།  གནམ་སའི་བཀོད་པའི་རྣམ་གཞག་མ་ཡིན་ཏེ།    ཡེ་ཤུའི་ཆོས་ལུགས་སྤེལ་མཁན་རྣམས་ཙི་ནའི་ཡུལ་དུ་མ་སླེབས་པའི་གོང་རོལ་གྱི་ལོ་ངོ་བརྒྱ་ཕྲག་དུ་མའི་རིང་ལ།    ཡུལ་ཁམས་དེར་ཉི་མ་འཁོར་གཞིར་འཛིན་པའི་གྲུབ་མཐའ་དེ་རྣ་བས་ཀྱང་མ་ཐོས་ཀྱང་།   ལོ་ཐོ་ཤིན་ཏུ་ལེགས་པ་སྒྲུབ་ཐུབ་འདུག་པ་གང་ཞིག     ལོ་རྩིས་ཀྱི་རིག་པ་དེ་ངེས་དོན་དུ་བཤད་ན།    དངོས་སུ་རྟོག་འཇུག་གི་འབབ་འབྲས་ཏེ་གཟའ་སྐར་ལོངས་སྤྱོད་ཀྱི་དཀྱིལ་འཁོར་རྣམས་ཕན་ཚུན་གཤིབས་ཏེ།    ཡུལ་དུས་དེ་དང་དེར་ཡོངས་སུ་གྲགས་པའི་ལོ་ཟླ་ཞག་དུས་བརྩི་སྟངས་ཐོག་ནས་ཁ་སོ་ཞིབ་སྒྲིག་གང་ཐུབ་བྱེད་པའི་ཐབས་ཙམ་གྱིས་ཟད་པའི་ཕྱིར་རོ”ཞེས་སྒྲུབ་བྱེད་གཉིས་བཀོད་ཡོད་པ་དེས་གོང་གི་དོགས་པ་དེ་སེལ་རྒྱུར་རིགས་ལམ་འབྱེད་པར་ཕན་སྲིད་སྙམ་སྟེ་དོན་བསྡུས་ཏེ་ཟུར་དུ་བཀོལ་བའོ། །

  • 顶 0