ཆོས་སྲིད་ཟུང་འཇུག་ལ་དཔྱད་པ་ཐེ་ཚོམ་དྲ་བ་གཅོད་པའི་རལ་གྲི། ༼༤༽

2016-04-11
0
  ཆོས་སྲིད་ཟུང་འཇུག་ལ་དཔྱད་པ་ཐེ་ཚོམ་དྲ་བ་གཅོད་པའི་རལ་གྲི།
   གཉིས་པ། ཆོས་སྲིད་ཁ་བྲལ་བཤད་པ།
      གཉིས་པ་ཆོས་སྲིད་ཁ་བྲལ་བཤད་པ་ལ། ཆོས་སྲིད་ཁ་བྲལ་གྱི་ངོ་བོ་ངོས་གཟུང་བ་དང་། དེའི་དོན་ལ་ནོར་བ་བསལ་བའོ།།

 

  དང་པོ། ཆོས་སྲིད་ཁ་བྲལ་གྱི་ངོ་བོ་ངོས་གཟུང་བ། 

  དང་པོ་ལ་བཞི་སྟེ། ཆོས་སྲིད་ཁ་བྲལ་ཞེས་པ་འདི་རྒྱུ་མཚན་ཅི་ཞིག་ལ་བརྟེན་ནས་བྱུང་བ་དང་། ཚུལ་ཇི་ལྟ་བུར་བྱུང་བ་དང་། དུས་ནམ་གྱི་ཚེ་རྒྱལ་ཁབ་གང་གི་ནང་དུ་བྱུང་བ་དང་། རང་གི་ངོ་བོ་ཇི་ལྟ་བུ་ཞིག་ཡིན་པའོ། །

  ༡ ཆོས་སྲིད་སོ་སོར་འབྱེད་དགོས་པའི་རྒྱུ་མཚན། 

  དང་པོ་ཆོས་སྲིད་སོ་སོར་འབྱེད་དགོས་པའི་རྒྱུ་མཚན་ནི། དུས་རབས་དཀྱིལ་མའི་ནང་དུ་ཡོ་རོབ་ཀྱི་རྒྱལ་ཁབ་ཕལ་མོ་ཆེ་ཞིག་གིས་ཆོས་སྲིད་ཟུང་འཇུག་གི་སྲིད་ཇུས་ལག་ལེན་དུ་བསྟར། ཆོས་ལུགས་མི་འདྲ་བའམ་ཆོས་ཚོགས་ཕན་ཚུན་བར་དམག་འཁྲུག་མང་པོ་བྱུང་བས་སེམས་སུན་ནས་མཁས་པ་མང་པོས་ཆོས་སྲིད་དབྱེ་འབྱེད་ཀྱི་སྲིད་ཇུས་ལག་བསྟར་དགོས་པའི་ལྟ་བ་རྩལ་དུ་བཏོན་པ་ལས་བྱུང་བའོ། །

  ༢ ཚུལ་ཇི་ལྟ་བུར་བྱུང་བ། 

  གཉིས་པ་ཚུལ་ཇི་ལྟ་བུར་བྱུང་བ་ནི། ཆེས་ཐོག་མར་ལྟ་བ་དེ་ཅུང་ཟད་ཆ་ཚང་བའི་སྒོ་ནས་སྨྲ་བ་པོ་ནི་དུས་རབས་བཅུ་བདུན་པའི་ནང་དུ་བྱུང་བའི་དབྱིན་ཇིའི་སྙན་གྲགས་ཅན་གྱི་མཚན་ཉིད་རིག་པ་བ་ལྗོན་ལོ་ཁི(Johan Locke约翰洛克)ཞེས་པ་དེ་ཡིན། ཁོས་སྨྲས་པ། ཆོས་ལུགས་ནི་རྒྱལ་ཁབ་སྤྱིའི་དོན་ཆེན་མ་ཡིན་གྱི། སྤྱི་དམངས་སྒེར་དོན་ཡིན། རྒྱལ་ཁབ་ཀྱིས་ཆོས་ཚོགས་སོ་སོ་ལ་ཉེ་རིང་མེད་པ་དང་འདྲ་མཉམ་དུ་བལྟ་བ་དང་གུ་ཡངས་ཀྱི་སྲིད་ཇུས་ལག་བསྟར་བྱ་དགོས། འོན་ཀྱང་ཆོས་ཚོགས་ཀྱི་མཛད་སྒོས་སྤྱིའི་ཁེ་ཕན་ལ་གནོད་པ་མེད་པར་བྱ་ཞིང་། རང་གི་རྒྱལ་ཁབ་ཀྱི་སྲིད་གཞུང་ལ་ངོ་རྒོལ་བྱ་མི་རུང་བ་དང་དེར་མ་ཟད་ཚད་འཛིན་ངེས་ཅན་ཞིག་བྱ་དགོས་ཞེས་ཟེར། ཕྱིས་སུ་ཆོས་སྲིད་ཁ་བྲལ་འདི་ཨ་མི་རི་ཁའི་རྩ་ཁྲིམས་སུ་བཅས། དེ་ཡང་མེ་གླིང་བྱང་མའི་སྐམ་ས་ཆེན་པོའི་སྟེང་དུ་ཐོག་མར་གནས་སྤོས་ནས་འོངས་པའི་མི་མང་དེ་རྣམས་ནི་སྔར་དབྱིན་ཇིར་ཆོས་ལུགས་སམ་ལྷའི་དབང་ཆའི་འོག་ཏུ་དཀའ་སྡུག་མྱང་བ་དག་ཡིན་པས་རྒྱལ་ཁབ་གསར་བ་འཛུགས་པ་ན་སྔར་གྱི་ལམ་ལུགས་དེ་ཡང་སྐྱར་ལག་བསྟར་བྱེད་པར་མི་འདོད་པས་ཆོས་སྲིད་སོ་སོར་ཕྱེས་པ་ཡིན་ནོ། །

  ༣ དུས་ནམ་གྱི་ཚེ་རྒྱལ་ཁབ་གང་གི་ནང་དུ་བྱུང་བ། 

  གསུམ་པ་དུས་ནམ་གྱི་ཚེ་རྒྱལ་ཁབ་གང་གི་ནང་དུ་བྱུང་བ་ནི། དུས་རབས་བཅོ་བརྒྱད་པའི་མཇུག་གི་དུས་སུ་ཨ་མི་རི་ཁའི་རྒྱལ་ཁབ་ཏུ་བྱུང་བ་ཡིན་ཏེ། ཕྱི་ལོ༡༧༩༡ལོའི་ཟླ་བ༩པའི་ཚེས༢༤ཉིན་ཨ་རིའི་རྩ་ཁྲིམས་ཀྱི་ནང་དུ་བཀོད་པས་དུས་དེ་ནས་བཟུང་མགོ་ཚུགས་པ་རེད། ཚུལ་ཇི་ལྟར་བཀོད་ཅེ་ན། རྒྱལ་ཚོགས་ཀྱིས་རྒྱལ་ཁབ་ཆོས་ལུགས་འཛུགས་པར་བྱེད་པའམ་ཆོས་ལུགས་རང་དབང་གི་མཛད་སྒོ་འགོག་པར་བྱེད་པའི་ཁྲིམས་བཅའ་བར་མི་བྱ་ཞེས་སྨྲས་སོ། ། འདི་ནི་སྔར་ཡོད་ཀྱི་རྩ་ཁྲིམས་ལ་དག་བཅོས་བྱས་པ་སྟེ། ཨ་རིའི་རྩ་ཁྲིམས་དོན་ཚན་དང་པོའི་དག་བཅོས་ཞེས་སུ་གྲགས་པ་དེ་ཡིན། དེ་ནས་བཟུང་ཨ་རིའི་མི་རྣམས་ཀྱིས་འདི་ཉིད་སྲིད་གཞུང་གི་ཆོས་ལུགས་སྲིད་ཇུས་ཀྱི་རྩ་ཁྲིམས་ཀྱི་གཞི་འཛིན་ས་བྱེད། རྩ་ཁྲིམས་འདིའི་དབང་གིས་ཨ་མེ་རི་ཀའི་རྒྱལ་ཁབ་དེ་འཛམ་གླིང་གི་རྒྱལ་ཁབ་ཡོངས་རྫོགས་ལས་ཆེས་ཐོག་མར་ཆོས་སྲིད་ཁ་བྲལ་དང་ཆོས་དད་རང་མོས་ཀྱི་སྲིད་ཇུས་ལག་བསྟར་བྱེད་པའི་རྒྱལ་ཁབ་ཏུ་གྱུར་ཏོ། །

  ༤ རང་གི་ངོ་བོ་ཇི་ལྟ་བུ་ཞིག་ཡིན་པ། 

  བཞི་པ་འདིའི་ངོ་བོ་ཇི་ལྟ་བུ་ཞིག་ཡིན་པ་ནི། ཨ་རིའི་མུ་ཤེ་ཀིན་ཁུལ་གྱི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ཐོ་མ་སི་ཁའོ་ལེ(Thomas E. Cooley托马斯·抲林ཞེས་པས་འདིའི་ངོ་བོ་ལ་འབྲེལ་བཤད་གསལ་པོ་ཞིག་བྱས་ཡོད་དེ། ཁོང་ན་རེ། རྩ་ཁྲིམས་དོན་ཚན་དང་པོའི་དག་བཅོས་ཀྱི་དངོས་དོན་ནི་ཁྲིམས་ཀྱི་རྣམ་པ་གང་གིས་ཀྱང་ཆོས་ཚོགས་གང་རུང་གཅིག་འཛུགས་པའམ་གསོལ་འདེབས་ཀྱི་ཆོ་ག་གང་རུང་ཞིག་ལ་ཆེད་དམིགས་ཀྱིས་གཅེས་སྐྱོང་བྱེད་མི་ཆོག་པ་དང་། སྲིད་གཞུང་གི་སྡེ་ཁག་གང་གིས་ཀྱང་ཆོས་ལུགས་ཀྱི་མཛད་སྒོ་ལ་བཙན་ཐབས་ཀྱིས་ཁྲལ་སྡུད་པ་དང་དམངས་ཚོགས་ལ་བཙན་གྱིས་གསོལ་འདེབས་ཀྱི་བྱེད་སྒོའི་ནང་དུ་ཞུགས་སུ་འཇུག་པ་དང་དམངས་ཚོགས་ཀྱིས་སྨོན་འདུན་བཟང་པོའི་ཀུན་སློང་གིས་སྤེལ་བའི་ཆོས་ལུགས་ཀྱི་མཛད་སྒོ་ལ་ཚད་འཛིན་བྱེད་པ་དང་དམངས་ཚོགས་ཀྱིས་རང་གི་ཆོས་ལུགས་དད་པ་མཚོན་པར་བྱེད་པ་ལ་ཚད་འཛིན་བྱེད་མི་ཆོག་པའི་དོན་ཡིན་ཞེས་ཟེར་རོ། །འདིའི་དོན་ལ་གཉིས་ལས། དང་པོ་ནི། རྒྱལ་ཁབ་ཀྱི་ཆོས་ལུགས་འཛུགས་ཞེས་པ་ནི་ཆོས་ལུགས་གང་ཡང་རུང་བ་ཞིག་སྲིད་གཞུང་གིས་ཁྲིམས་ལ་བརྟེན་ནས་རྒྱལ་ཁབ་ཧྲིལ་པོའི་ཐུན་མོང་གི་ཆོས་ལུགས་ཡིན་པར་གཏན་ལ་ཕབ་པའི་དོན་ཡིན་ནོ། །འདིའི་ཐད་ལ་མི་འགའ་རེས་ཡེ་ཤུ་ཆོས་ལུགས་དེ་ཨ་རི་རྒྱལ་ཁབ་ཀྱི་ཆོས་ལུགས་སུ་བྱ་དགོས་པར་འདོད་པ་ལ། འཇམས་སུ་མེ་ཏུས་སོན(James Madison Jr 麦迪森)གྱིས་དེ་མི་འཐད་པའི་ལན་དོན་ཚན་བཅོ་ལྔ་བཏབ་པ་འདི་ལྟ་སྟེ།

  གཅིག  ང་ཚོའི་འདོད་པ་ནི། ཆེས་གཞི་རྩར་གྱུར་པ་དང་དགག་ཏུ་མེད་པའི་བདེན་དོན་ཞིག་ནི། ཆོས་ལུགས་སམ་ང་ཚོས་འཇིག་རྟེན་བྱེད་པ་པོ་ལ་འཁུར་བར་འོས་པའི་འགན་དང་འགན་དེ་ཇི་ལྟར་ལེགས་བསྒྲུབ་བྱ་བ་ནི་རིགས་པ་དང་དད་པ་ཁོ་ན་ལ་བརྟེན་ནས་སྣ་ཁྲིད་བྱ་དགོས་པ་ཞིག་ཡིན་གྱི། འཇིགས་སྐུལ་དང་གདུག་རྩུབ་གང་གིས་ཀྱང་མིན། མི་སོ་སོའི་ཆོས་ལུགས་ཀྱི་དད་པ་དེ་ངེས་པར་དུ་རང་ཉིད་ཀྱི་ཡིད་ཆེས་དང་ཤེས་བཞིན་གྱིས་ཐག་གཅོད་བྱ་དགོས་པ་ཡིན། འདི་ཉིད་མི་སོ་སོའི་ཁེ་དབང་ཡིན་པར་མ་ཟད་འཕྲོག་ཏུ་མེད་པའི་ཁེ་དབང་ཡིན། གང་གི་ཕྱིར་ན། མི་སོ་སོས་དངོས་པོའི་ངོས་འཛིན་དེ་རང་རང་གི་བསམ་གཞིག་ལ་བརྟེན་ནས་བྱ་དགོས་པ་ཡིན་གྱི། མི་གཞན་ཞིག་གིས་གཙོ་ཁྲིད་བྱ་རྒྱུ་མ་ཡིན། འཇིག་རྟེན་བྱེད་པ་པོ་ལ་ཇི་ལྟར་གུས་བཀུར་བྱ་བ་དེ་ངེས་པར་དུ་རང་ཉིད་ཀྱིས་དང་ལེན་ཡོད་པའི་ཐབས་ཚུལ་དེའི་སྒོ་ནས་བསྒྲུབ་དགོས་པ་ཡིན་ནོ། །སྤྱི་དམངས་སྤྱི་ཚོགས་ཀྱི་ཆ་ཤས་ཤིག་ཏུ་གྱུར་པའི་སྔོན་རོལ་ནས་ཐོག་མར་རང་ཉིད་འཇིག་རྟེན་བྱེད་པ་པོའི་འབངས་མི་ཉིད་དུ་གྱུར་ཡོད་དགོས་ཏེ། དེ་གཉིས་ཕན་ཚུན་བརྟེན་པ་ཡིན། ཆོས་ལུགས་ལ་བཤད་ན། སྤྱི་དམངས་སྤྱི་ཚོགས་འཛུགས་པ་འདིས་ལྷན་སྐྱེས་སུ་ཡོད་པའི་དད་པའི་ཁེ་དབང་དེ་འགྲིབ་པར་མི་འགྱུར་ལ། ཆོས་ལུགས་ནི་སྤྱི་དམངས་སྤྱི་ཚོགས་ཀྱི་ངོས་འཛིན་གྱི་ཁོངས་རོལ་ནས་ཡོངས་སུ་བཀར་ན་ཆོག་གོ །

  གཉིས། ཆོས་ལུགས་ནི་སྤྱི་བཏང་གི་སྤྱི་དམངས་སྤྱི་ཚོགས་ཀྱི་དབང་ཆའི་ཁྱབ་ཚད་ཀྱི་ཕྱི་རོལ་ན་ཡོད་དགོས་ལ། དེ་བས་ཀྱང་ཁྲིམས་འཛུགས་ལས་ཁུངས་ཀྱི་དབང་ཆའི་ཁྱབ་ཚད་ཀྱི་ཕྱི་རོལ་ན་ཡོད་དགོས། ཕྱི་མ་འདི་སྔ་མ་ལས་ཐོན་པའི་དངོས་པོ་ཡིན་ཏེ། སྔ་མས་མངགས་བསྐོ་བྱས་པ་ཡིན། འདིའི་ཁྲིམས་འཁེལ་དབང་ཚད་དེ་སྔ་མ་ལས་བྱུང་ཞིང་དེར་མ་ཟད་ཚད་ཡོད་པ་ཞིག་ཡིན། རང་དབང་ཡོད་པའི་སྲིད་གཞུང་སྲུང་སྐྱོང་བྱེད་དགོས། སྲིད་གཞུང་གི་སྡེ་ཁག་སོ་སོའི་ལས་འགན་གྱི་དབང་ཆའི་ཁྱབ་ཚད་དབྱེ་འབྱེད་ལེགས་པོ་བྱ་དགོས། སོ་སོའི་དབང་ཚད་ལས་བརྒལ་ནས་མི་མང་གི་ཁེ་དབང་སྲུང་སྐྱོང་བྱེད་ཐབས་མེད་པའི་གནས་སུ་འགྱུར་བ་ནི་དེ་བས་ཀྱང་བྱ་མི་རུང་། གལ་ཏེ་བརྒལ་བར་གྱུར་ན། དབང་སྒྱུར་པ་ལ་མི་མང་གིས་བྱིན་པའི་དབང་ཆ་ལས་བརྒལ་བར་གྱུར་པས་གཏུམ་རྒྱལ་ཡིན། མི་མང་གིས་འདི་འདྲའི་དབང་སྒྱུར་པ་ཞིག་དང་ལེན་བྱས་ན་བྲན་གཡོག་ཡིན། གང་གི་ཕྱིར་ཞེ་ན། ཁོང་ཅག་ལ་དབང་སྒྱུར་བྱེད་ཀྱི་བཅའ་ཁྲིམས་དང་དབང་སྒྱུར་བར་བྱེད་པའི་དབང་ཆ་ཐམས་ཅད་མི་མང་ལས་བྱུང་བ་མ་ཡིན་པའི་ཕྱིར་རོ། །

  གསུམ། སྔོན་བྱུང་གི་ལོ་རྒྱུས་ལ་མཐོང་ཆུང་བྱ་བ་དང་བརྗེད་དུ་མི་རུང་། ཡེ་ཤུ་ཆོས་ལུགས་བཙུགས་ཤིང་དེ་ལས་གཞན་པའི་ཆོས་ལུགས་ཕྱིར་ཕུད་པའི་ཟུང་འཇུག་གི་སྲིད་དབང་གིས་ཀྱང་ཁོང་ཚོས་ཁས་བླངས་པའི་ཡེ་ཤུ་ཆོས་ལུགས་ཀྱི་གྲུབ་མཐའ་དེ་ཁོ་ན་འཛུགས་ཤིང་ཡེ་ཤུ་ཆོས་ལུགས་ཀྱི་གྲུབ་མཐའ་གཞན་པ་ལས་སླ་བོའི་སྒོ་ནས་འདོར་བར་བྱེད་པ་འདི་ཁྱོད་ཀྱིས་མ་མཐོང་ངམ། ཡང་ན་ཟུང་འཇུག་གི་སྲིད་དབང་གཅིག་གིས་ཁོང་ཚོའི་སྤྱི་དམངས་ལ་བཙན་ཤུགས་ཀྱིས་ནོར་རྫས་ཀྱི་སུམ་ཆ་གཅིག་ཁོང་ཚོས་བཙུགས་པའི་ལས་ཁུངས་ལ་འབུལ་དུ་འཇུག་ཅིང་། སླར་ཡང་དེ་རྣམས་ལ་བཙན་ཤུགས་ཀྱིས་འདི་དང་འདྲ་བའི་ལས་ཁུངས་གཞན་ཡང་དང་ལེན་བྱེད་དུ་མི་འཇུག་གོ།

  བཞི། གལ་ཏེ་མི་རྣམས་ཀྱི་རང་དབང་དང་སྒེར་ཚུགས་ཀྱི་རང་བཞིན་འདི་སྐྱེས་ནས་འདྲ་མཉམ་ཡིན་ན། འོ་ན་མི་རེ་རེ་བཞིན་དུ་འདྲ་མཚུངས་ཀྱི་ཆ་རྐྱེན་འོག་ཏུ་སྤྱི་དམངས་སྤྱི་ཚོགས་འདིའི་ནང་དུ་འཇུག་འོས་པ་ཡིན་ཏེ། རང་བཞིན་གྱིས་ཐོབ་པའི་ཁེ་དབང་དེ་མི་གཞན་རྣམས་ལས་ཇེ་མང་དུ་འགྱུར་བའམ་ཇེ་མང་དུ་འགྱུར་རྒྱུ་ཅི་ཡང་མེད། དེ་བས་ཀྱང་མི་རེ་རེ་བཞིན་དུ་རང་ཉིད་ཀྱིས་ཤེས་བཞིན་གྱི་བསམ་པས་རང་གི་ཆོས་ལུགས་འདེམ་ག་བྱེད་པའི་ཁེ་དབང་དེ་ཐོབ་འོས་པ་ཡིན། ང་ཚོ་ལ་རང་ཉིད་ཀྱིས་ཆེས་བཟང་བ་དང་ཆེས་འཕགས་པར་ངོས་འཛིན་བྱས་པའི་ཆོས་གདམ་ང་བྱ་བའི་རང་དབང་ཡོད། འོན་ཀྱང་མི་གཞན་རྣམས་ཀྱིས་དེ་ལྟར་དུ་དང་ལེན་མི་བྱེད་པའི་ལྟ་བ་གཟུང་ཆོག་པའི་ཁེ་དབང་ལ་དགག་པ་བྱ་མི་རུང་། གལ་ཏེ་རང་དབང་འདི་ལ་ཧམ་སྤྱོད་བྱས་ན། དེ་འཇིག་རྟེན་བྱེད་པ་པོ་ལ་སིམ་འཛུལ་བྱས་པ་ཡིན་གྱི། མི་གཞན་ལ་མིན། ད་ལམ་བཏོན་པའི་ཆོས་ལུགས་ཀྱི་ཁྲིམས་གཞི་འདི་བཅའ་ཁྲིམས་ཡོངས་རྫོགས་ཀྱི་རྨང་གཞིར་གྱུར་པའི་འདྲ་མཉམ་གྱི་རྩ་དོན་དང་འགལ་བར་གྱུར་འདུག་གོ ། །

  ལྔ། ཁྲིམས་གཞི་འདིས་དོན་གྱིས་ཅི་ཞིག་སྟོན་པ་ནི། ཡང་ན་ས་གནས་དཔོན་རིགས་ཀྱིས་ཆོས་ལུགས་ཀྱི་བདེན་དོན་ལ་ཚོད་འཛིན་བྱེད་པའི་གོ་ཐོབ་ཅན་གྱི་ཁྲིམས་དཔོན་བྱ་རུང་བ་དང་། ཡང་ན་ཆོས་ལུགས་དེ་སྤྱི་པའི་སྲིད་ཇུས་ཁྱབ་སྤེལ་དུ་གཏོང་བའི་ཤེད་འཕྲུལ་ཞིག་ཏུ་བྱ་རུང་བ་དེ་ཡིན་མོད། འོན་ཀྱང་དེ་གཉིས་ཀའང་འཛམ་གླིང་ཡོངས་ཀྱི་རིམ་བྱུང་གི་དབང་སྒྱུར་པ་རྣམས་ཀྱིས་རྫུན་བཟོའམ་བརྫུས་མ་བྱས་པར་གྱུར་ཏོ། །

  དྲུག ཡེ་ཤུ་ཆོས་ལུགས་ཀྱི་ཆོས་འདི་འཇིག་རྟེན་སྤྱིར་བཏང་གི་སྟོབས་ཤུགས་ལ་རྟེན་ལ་བརྟེན་པ་གཏན་ནས་མིན། ཁོའི་གནས་པ་དང་འཕེལ་བ་འདི་མིས་བྱས་པའི་བཅའ་ཁྲིམས་ཀྱིས་སྲུང་སྐྱོབ་བྱས་པ་ལས་བྱུང་བ་ཞིག་མ་ཡིན་གྱི། དེ་ལས་ལྡོག་སྟེ་མིའི་རིགས་དང་འགལ་ཟླར་ལངས་པ་ལས་གྲུབ་པ་ཞིག་ཡིན། དོན་གྱི་ཆ་ནས་བཤད་ན། ཆོས་ལུགས་འདི་མིའི་སྲིད་ཇུས་ཀྱིས་གསར་དུ་མཐོང་བ་མ་ཡིན། སྲིད་ཇུས་ཡོད་པའི་སྔ་རོལ་ནས་གནས་ཤིང་ཀུན་གྱིས་རྒྱབ་སྐྱོར་བྱས་པ་ཞིག་ཡིན་ནོ། །

  བདུན། ཉམས་མྱོང་ལས་གསལ་བ་ལྟར་ན། ཆོས་ལུགས་ལས་ཁུངས་ཀྱིས་ཆོས་ལུགས་རང་ཉིད་ཀྱི་དག་གཙང་དང་དེའི་ཐོན་པའི་ནུས་པ་སྲུང་སྐྱོང་མ་བྱས་པར་མ་ཟད་དེ་དང་རྒྱབ་འགལ་དུ་གྱུར། ལོ༡༥༠༠རིང་ལ་ཡེ་ཤུ་ཆོས་ལུགས་ཀྱི་ཁྲིམས་བཀོད་ལས་ཁུངས་དེ་ནམ་ཡང་བརྟག་བཤེར་བྱ་བའི་གནས་སུ་གྱུར། དེའི་རྗེས་འབྲས་ལ་ས་གནས་ཕལ་ཆེར་གྱི་ཆོས་སྤེལ་པ་རྣམས་ཀྱི་ང་རྒྱལ་དང་ལེ་ལོ་དང་། དད་ལྡན་རྣམས་ཀྱི་རྨོངས་བརྟུལ་དང་བྲན་གྱི་ངང་ཚུལ་དང་ཕྱོགས་གཉིས་ཀ་ལ་ཡོད་པའི་རྨོངས་དད་དང་ཕྱོགས་འཛིན་དང་རིགས་མི་མཐུན་པ་ལ་གནོད་འཚེ་བྱེད་པ་དག་མཐོང་བར་གྱུར། གལ་ཏེ་ཆོས་སྤེལ་པ་རྣམས་ཀྱིས་འོད་དང་དྲོད་འབྱིན་པ་སྟེ་རིན་ཐང་ཡོད་པའི་དུས་དེ་ནམ་ཡིན་ཞེ་ན། ཐམས་ཅད་ཆོས་ལུགས་དེ་སྲིད་དོན་ལ་མ་ཞུགས་པའི་སྔོན་གྱི་གནས་སྐབས་ན་ཡིན་ནོ། །

  བརྒྱད། གལ་ཏེ་སྤྱི་དམངས་སྲིད་གཞུང་གི་གོ་དོན་ནང་དུ་ཆོས་ལུགས་མི་འདུ་བའི་ཚེ་ན་ཆོས་ལུགས་ཀྱི་ཁྲིམས་བཀོད་ལས་ཁུངས་ཀྱིས་སྲིད་གཞུང་གི་དབང་ཆ་ལ་དགོས་པ་ཇི་ལྟར་ཡོད། ཆོས་ལུགས་ལས་ཁུངས་ཀྱིས་སྤྱི་དམངས་སྤྱི་ཚོགས་ལ་ཇི་ལྟ་བུའི་ཤུགས་རྐྱེན་ཡོད། སྐབས་འགར་ཁོང་ཚོ་སྲིད་གཞུང་གི་དབང་ཆའི་ཤུལ་རོའི་ཐོག་ཏུ་ལངས་པའི་སེམས་ཀྱི་གཏུམ་སྲིད་ཅིག་ཏུ་བལྟ་བ་དང་། ཕལ་ཆེར་གྱི་དུས་སུ་གཏུམ་སྲིད་དབང་ཆའི་གོ་གནས་ཀྱི་རྒྱབ་སྐྱོར་པ་ཞིག་ཏུ་བལྟ་བ་ལས། དུས་ནམ་ཡང་མི་མང་གི་རང་དབང་གི་ལྟ་སྲུང་པ་ཞིག་ཏུ་ལྟ་མཁན་བྱུང་མེད་དོ། སྤྱི་པའི་རང་དབང་མགོ་གནོན་བྱེད་པར་འདོད་པའི་དབང་སྒྱུར་པ་དག་གི་ནུས་སྟོབས་ཡོད་པའི་ཆོས་ལུགས་མི་སྣ་དེ་བེད་སྤྱད་བྱ་བདེ་བའི་ལག་རོགས་ཤིག་ཏུ་མཐོང་གིན་ཡོད། གཞུང་དྲང་གི་སྲིད་གཞུང་ཞིག་ཡིན་ན་འདི་འདྲའི་ལག་རོགས་དེ་དགོས་དོན་མེད། དེ་འདྲའི་སྲིད་གཞུང་དེས་སྤྱི་དམངས་སོ་སོར་ཡོད་པའི་ཆོས་དད་རང་དབང་གི་ཁེ་དབང་དེ་ལ་འདྲ་མཉམ་གྱི་སྒོ་ནས་སྲུང་སྐྱོབ་བྱས་ན་འོས་བབས་ཀྱི་རྒྱབ་སྐྱོར་དེ་འཐོབ་པར་འགྱུར་ཏེ། གྲུབ་མཐའ་གཞན་ལ་ཡོད་པའི་འདྲ་མཉམ་གྱི་ཁེ་དབང་ལ་བཙན་འཛུལ་མི་བྱའོ། །ཞེས་པ་ལ་སོགས་པ་དོན་ཚན་བཅོ་ལྔའི་སྒོ་ནས་བཤད་འདུག་གོ། །

  མེ་ཏུས་སེན་ཞེས་པ་འདི་ཨ་རིའི་སྲིད་འཛིན་རྣམས་ཀྱི་ནང་ནས་ཐེངས་བཞི་པ་ཡིན་ཞིང་། ཨ་རིའི་རྩ་ཁྲིམས་ལག་བསྟར་བྱེད་མཁན་གཙོ་བོ་དང་རྩ་ཁྲིམས་དག་བཅོས་ཀྱི་འགན་འཁུར་པ་ཡིན་པས་མི་རྣམས་ཀྱིས་ཁོང་ལ་རྩ་ཁྲིམས་ཀྱི་ཕ་ཡབ་ཅེས་འབོད་དོ། །

  མདོར་ན་རྒྱལ་ཁབ་ཀྱི་ཁྲིམས་ལ་བརྟེན་ནས་ཆོས་ལུགས་གང་ཡང་རུང་བ་ཞིག་ལ་རྒྱལ་ཁབ་དེའི་མི་དམངས་ཡོངས་རྫོགས་བཙན་ཐབས་ཀྱི་སྒོ་ནས་དད་པ་བྱེད་དུ་འཇུག་པ་སྟེ། འདི་སྤྱིར་ཆོས་ལ་དད་པ་བྱེད་ཆོག་ཀྱང་རང་རང་གང་ལ་མོས་པའི་ཆོས་ལ་ཞུགས་མི་ཆོག་པས་ཆོས་དད་རང་དབང་མེད་པའི་རྣམ་པ་གཞན་ཞིག་ཡིན་ནོ། །གཉིས་པ་ཁྲིམས་ཀྱི་སྒོ་ནས་མི་དམངས་རྣམས་རང་རང་གང་ལ་དད་པའི་ཆོས་སྣ་གཅིག་ཀྱང་བསྒྲུབ་ཏུ་མི་འཇུག་པ་སྟེ། ཆོས་གང་ལའང་དད་པ་བྱེད་མི་ཆོག་པས་འདི་ནི་ཧ་ཅང་ཚབས་ཆེ་བས་ཆོས་དད་རང་དབང་མེད་པ་ཞིག་གོ། སྲིད་གཞུང་གིས་འདི་གཉིས་ཀ་མི་བྱེད་པ་ནི་ཕྱོགས་གཅིག་ནས་ཆོས་དད་རང་དབང་ཞེས་བྱ་ཞིང་ཕྱོགས་གཅིག་ནས་ཆོས་སྲིད་ཁ་བྲལ་ཞེས་བྱའོ། །

  གཉིས། དེའི་དོན་ལ་ནོར་བ་བསལ་བ། 

  གཉིས་པ་དེའི་དོན་ལ་ནོར་བ་བསལ་བ་ནི། དེང་སང་ཁ་ཅིག་གི་བསམ་བ་ལ་ཆོས་སྲིད་ཁ་བྲལ་ལམ་དབྱེ་འབྱེད་ཅེས་པ་དེ་འཇིག་རྟེན་འཁོར་བའི་བྱ་གཞག་ཆབ་སྲིད་དང་དཔལ་འབྱོར་དང་རིག་གནས་སོགས་ཀྱི་བྱ་བ་སྒྲུབ་མཁན་ཞིག་ཡིན་ན་དམ་པའི་ཆོས་བསྒྲུབ་མི་རུང་བ་དང་། དམ་པའི་ཆོས་སྒྲུབ་མཁན་ཞིག་ཡིན་ཕྱིན་ཆབ་སྲིད་དཔལ་འབྱོར་རིག་གནས་གང་ཡང་བསྒྲུབ་མི་རུང་བ་ཞིག་ཡིན་ཞེས་སྨྲ་བར་བྱེད་དོ། །དེ་ནི་ནོར་བ་ཁོ་ན་ཡིན་ཏེ། དེ་ལྟ་ན་ཨ་མེ་རི་ཀའི་རྒྱལ་ཁབ་ཀྱི་སྲིད་འཛིན་ནས་དམངས་ཕལ་བའི་བར་གྱི་མི་ཐམས་ཅད་ཀྱིས་ཆོས་བསྒྲུབ་པ་དང་ཆོས་ལ་དད་པ་བྱེད་པ་ཁྲིམས་འགལ་དུ་འདོད་པར་ཁས་ལེན་དགོས་ཏེ། ཁོང་ཅག་ནི་ཆེས་ཐོག་མར་ཆོས་སྲིད་དབྱེ་འབྱེད་ཀྱི་ལམ་ལུགས་ཁྲིམས་ལ་བརྟེན་ནས་ལག་ལེན་དུ་བྱེད་པའི་རྒྱལ་ཁབ་ཡིན་པའི་ཕྱིར་རོ། །འོན་ཀྱང་དེ་ལས་ལྡོག་སྟེ། སྲིད་འཛིན་ནས་དམངས་ཕལ་བའི་བར་གྱི་མི་རྣམས་ཀྱིས་ཆོས་ལ་དད་པ་བྱེད་ཅིང་ཆོས་བསྒྲུབ་པར་འདུག་སྟེ། སྤྱི་ལོ༡༩༨༡ལོར་བརྟག་དཔྱད་བྱས་པའི་འབྲས་བུ་ལྟར་ན། ཨ་རིའི་སྲིད་འཛིན་ལ་མཚོན་ན། སྲིད་འཛིན་དང་པོ་འཇོ་ལྗི་ཝ་ཤིན་ཐོན(George Washington乔冶华·盛顿)ནས་ཝེལ་ཡེམ་ཁུ་ལུན་ཐོན(William J Clinton威廉·虫斐逊·克林顿)བར་གྱི་སྲིད་འཛིན༤༢གྱི་ནང་ནས་མི་བཞི་མ་གཏོགས་གཞན༣༨པོ་ཐམས་ཅད་ཆོས་ལ་དད་པ་བྱེད་པ་མ་ཟད་ཆོས་ཚོགས་ཀྱི་ཚོགས་མི་ཤ་སྟག་ཡིན་ཞིང་། མི་བཞི་པོའང་རང་རང་གི་ཆོས་ལུགས་གྲུབ་མཐའི་ཁ་ཕྱོགས་གསལ་པོ་ཡོད་ཅེས་ཟེར་ཞིང་། དེའི་ཕྱིས་སུ་བྱུང་བའི་སྲིད་འཛིན་འཇོ་ལྗུ་སྒྲ་བྷལ་བྷོས་ཤི(George W Bush乔冶·沃克·布什)དང་ད་ལྟའི་སྲིད་འཛིན་ཨོ་བྷ་མ(Barack Obama 奥巴马)གཉིས་ཀའང་ཡེ་ཤུ་ཆོས་ལུགས་ཀྱི་ཆོས་པ་ཡིན་ནོ། བསྡོམ་རྩིས་གཞན་ཞིག་ལས། ཨ་རིའི་ལོ་རྒྱུས་ཀྱི་ཐོག་ཏུ་སྲིད་འཛིན༡༡ཆོས་ཚོགས་ཀྱི་ཚོགས་མི་མ་ཡིན། འོན་ཀྱང་བྱེད་པ་པོ་ལྷ་ལ་དད་པ་ཡོད་ཚུལ་མངོན་གསལ་དུ་སྟོན་པར་འདུག་ཅེས་ཀྱང་ཟེར་རོ། །

  ཨ་རིའི་དམངས་ཕལ་བ་ལ་མཚོན་ན། མི་བརྒྱ་ཆ༩༥འཇིག་རྟེན་བྱེད་པ་པོའི་ལྷ་ལ་དད་པ་བྱེད། མི་བརྒྱ་ཆ༧༡གཅིག་མི་ཤི་བའི་རྗེས་སུ་ད་དུང་རྣམ་ཤེས་ཡོད་པ་དང་ལྷ་ཡུལ་ཞེས་པ་དེ་དོན་ལ་གནས་པར་ཁས་ལེན། བརྒྱ་ཆ༥༧ཆོས་ཚོགས་སམ་ཆོས་ལུགས་ཀྱི་ལས་ཁུངས་ནང་དུ་ཞུགས། མི་བརྒྱ་ཆ༥༧གྱིས་ཆོས་ལུགས་ཀྱིས་ད་ལྟའི་གནད་དོན་ཐམས་ཅད་དམ་ཕལ་ཆེ་བ་ལ་ལན་གདབ་པར་ནུས་ཟེར། མི་བརྒྱ་ཆ༥༥ཡིས་ཆོས་ལུགས་འདི་ཤིན་ཏུ་གལ་ཆེན་པོ་ཡིན་ཞེས་ཟེར་རོ། །

  དེ་བཞིན་དུ་གོང་གི་འདོད་པ་དེ་ལྟ་ན་ཨ་མེ་རི་ཀའི་ཆོས་པ་རྣམས་ཀྱིས་སྲིད་ཀྱི་བྱ་བ་སྒྲུབ་པའང་ཁྲིམས་འགལ་ཡིན་པར་འདོད་དགོས་ཀྱང་དེ་མིན་པར་མ་ཟད་ཆོས་པས་སྲིད་ཀྱི་བྱ་བ་བསྒྲུབ་པ་ཁྲིམས་མཐུན་ཡིན་པར་ཁོ་ཚོས་འདོད་དེ། ༡༩༨༣པོར་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གི་མི་སུམ་ཆ་གཅིག་གིས་ངོ་རྒོལ་བྱས་ཀྱང་སུམ་ཆ་གཉིས་ཀྱིས་བློ་བབས་བྱས་ཏེ་ཡེ་ཤུ་ཆོས་ལུགས་ཀྱི་རྫི་བོའམ་དགེ་བཤེས་(Pastor,牧师)ཀྱིས་གཞུང་གི་འགན་སྒྲུབ་པ་ཁྲིམས་མཐུན་དུ་གཏན་ལ་ཕབ་པའི་ཕྱིར་རོ། །གཞན་ཡང་ཨ་རིའི་མཉམ་འབྲེལ་མཐོ་རིམ་ཁྲིམས་དོན་ཚོགས་འདུ་མགོ་འཛུགས་པའི་ཚེ། ཐོག་མར་མི་ཞིག་གིས་ལྷ་ལ་སྐྱབས་འཇུག་གི་གསོལ་བ་བཏབ་ནས་ཚོགས་འདུ་འཚོགས་པ་དང་། རྒྱལ་ཚོགས་ཀྱི་གྲོས་ཚོགས་གོང་འོག་གཉིས་ཀྱི་ནང་དུ་ཡེ་ཤུ་ཆོས་ལུགས་ཀྱི་རྫི་བོའམ་དགེ་བཤེས་ཆེད་གཉེར་གྱིས་བཀོད་བསྒྲིགས་བྱས་ཡོད་ཅིང་། གྲོས་ཚོགས་ཀྱི་ཚོགས་འདུ་འཚོགས་པ་ནའང་ཐོག་མར་ལྷ་ལ་སྐྱབས་གསོལ་བ་དང་། སྲིད་འཛིན་གྱིས་འགན་གསར་དུ་འཁུར་བའི་སྐབས་སུའང་ལྷ་ལ་སྐྱབས་འཇུག་བྱེད་ཅིང་། ལག་པ་ལྷ་ཆེམས་ཀྱི་གླེགས་བམ་ཐོག་ཏུ་བཞག་ནས་དམ་བཅའ་འབུལ་བ་དང་། གཞུང་བཙུགས་ཀྱི་སློབ་གྲྭའི་སློབ་མ་རྣམས་ཀྱིས་རྒྱལ་དར་ལ་དམ་བཅའ་འབུལ་སྐབས་ཀྱང་ང་ཚོས་ལྷའི་སྐྱབས་འོག་ནས་ཞེས་པ་ལ་སོགས་པའི་ཚིག་སྒྲོག །ཤོག་སྒོར་གྱི་སྟེང་དུའང་ང་ཚོ་ལྷ་ལ་ཡིད་རྟོན་ཞེས་པ་བྲིས་ཡོད། རྒྱལ་གླུ་དང་གསང་རྒྱའི་དམ་བཅའ་དང་ཁྲིམས་ཁང་གི་དམ་བཅའ་ཐམས་ཅད་ཀྱི་ནང་དུ་ལྷ་ལ་ཡིད་ཆེས་ཞེས་པའི་ཚིག་གསལ་བར་འཁོད་ཡོད་དོ། །ཨ་རིའི་སྲིད་འཛིན་འགན་རབས༣༢པ་ཧྥན་ཁུ་ལེན་རོབ་ཟ་ཝེད(Franklin D, Roosevelt 罗斯福)ཀྱི་སྲིད་འཛིན་གྱི་ལས་འགན་ཐེངས་བཞི་ཁུར་བའི་ཐེངས་ཐ་མའི་འགན་གསར་འཁུར་གྱི་གཏམ་བཤད་ནང་འདི་ལྟར་བཤད་དེ། ཀུན་ནུས་ཀྱི་ལྷས་ང་ཚོའི་རྒྱལ་ཁབ་ལ་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་སྲུང་སྐྱོབ་གནང་ཡོད། ང་ཚོའི་མི་དམངས་ལ་ཚ་དྲོད་འབར་བའི་སེམས་ཤུགས་དང་བདེ་ཐང་སྟོབས་ཤུགས་ཅན་གྱི་དཔུང་པ་ཞིག་གནང་ནས། ཁོང་ཚོ་རང་དབང་དང་དྲང་བདེན་གྱི་དོན་དུ་འཐབ་རྩོད་བྱེད་དུ་བཅུག་ཡོད། ང་ཚོ་ལ་དད་པ་གནང་ཡོད། དེ་ནི་དཀའ་སྡུག་ཅན་གྱི་འཛམ་གླིང་འདིའི་ཐོག་གི་མིའི་རིགས་ཀྱི་རེ་བ་ཉིད་དུ་གྱུར་ཡོད། ཅེས་ཟེར། ཡང་ཨ་རིའི་སྲིད་འཛིན་འགན་རབས་༤༠པ་རེའུ་ནོལ་རེས་ཀན(Ronald Reagan里拫)གྱིས་གཏམ་བཤད་ཅིག་གི་ནང་དུ། ལྷ་ནི་ང་ཚོའི་ཚེ་སྲོག་གི་དྭངས་བཅུད་རེད། ཅེས་ཟེར་རོ། །དེས་ན་ཞིབ་འཇུག་པ་འགའ་ཞིག་གིས་ཨ་རིའི་ཆོས་སྲིད་ཁ་ཕྲལ་ཞེས་པ་དེའི་སྙིང་དོན་ནི། ཆོས་ཚོགས་དང་རྒྱལ་ཁབ་གཉིས་སྒྲིག་འཛུགས་ཀྱི་ཐོག་ནས་སོ་སོར་ཁ་ཕྲལ་བའི་དོན་ཡིན་གྱི། ཆོས་ལུགས་དང་སྲིད་ཇུས་ཁ་ཕྲལ་བ་མ་ཡིན་ཞིང་། ཆོས་ལུགས་དང་སྲིད་ཇུས་གཉིས་མིའི་བསམ་བློའི་ཐོག་ནས་ཁ་ཕྲལ་བ་ནི་དེ་བས་ཀྱང་མ་ཡིན་ནོ་ཞེས་ཟེར་བ་འདུག་སྟེ་མད་པར་སྣང་ངོ་། །

  དེས་ན་འཛམ་བུ་གླིང་ལ་ཡོངས་སུ་གྲགས་པའི་ཆོས་སྲིད་ཟུང་འཇུག་ཅེས་པའམ་ཆོས་སྲིད་ཁ་ཕྲལ་ཞེས་པ་དེ་ནི་གོང་དུ་བཤད་པ་ལྟར་སྲིད་གཞུང་གི་ཆབ་སྲིད་ཀྱི་དོན་ཞིག་ཡིན་གྱི། མི་སྒེར་གྱི་འཚོ་བའི་ནང་དུ་ཆོས་དང་སྲིད་གཉིས་ཀ་མཉམ་གནས་བྱེད་ཆོག་མི་ཆོག་གི་དོན་མ་ཡིན་པས་མགོ་བོ་རྨོངས་པར་མི་བྱའོ། །

  • 顶 0