ཕྱིར་ལོག་པའི་ལམ་བར།

རྩོམ་པ་པོ།   འབྲིང་བ་སྐམ་པོ།དུས་ཚོད།   2019-01-18   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།


         དོ་དགུང་ཨ་རིའི་གློག་བརྙན་གྲགས་ཅན《ཕྱིར་ལོག་པའི་ལམ་བར》(THE WAY BACK)(回来的路)ཞེས་པར་བལྟས་པ་ཡིན། གློག་བརྙན་འདིའི་འཁྲབ་ཁྲིད་པ་པི་ཏེང·ཝེ་ཨེ་ཡིན་ཞིང་། འཁབ་སྟོན་པ་ཅེམ·སུའུ་ཐུ་ཅི་ཟི་དང་ཨན་ཏི·ཧལ་ལི་ཟི་སོགས་ཡིན། སྤྱི་ལོ2009ལོའི་ཟླ2པ་ནས་ཟླ6པའི་བར་ཕབ་བསྐྲུན་བྱས་ཤིང་། གློག་བརྙན་རིང་ཐུང་ལ་དུས་ཚོད་གཉིས་དང་སྐར་མ་བཅུ་གསུམ་ཡོད། སྤྱི་ལོ2011ལོའི་ཟླ1ཚེས21ཉིན། ཨ་རི་ནས་ཐེངས་དང་པོར་བསྟན་ཅིང་། དེ་ནས་དབྱིན་ཇི་སོགས་རྒྱལ་ཁབ་ཉེར་བཞི་ལྷག་ནས་སྔ་གཞུག་ཏུ་བསྟན་པས་དགའ་བསུ་ཆེན་པོ་ཐོབ་པར་མ་ཟད། སྤྱི་ལོ2011ལོར། ཨའོ་སི་ཁཱ་གསེར་གྱི་རྟགས་མ་སོགས་བྱ་དགའ་ཡང་མང་བོ་ཐོབ་པར་བཤད།

         ཀུན་གྱིས་ཤེས་གསལ་ལྟར་སྤྱི་ལོ1939ལོར། འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པ་དངོས་སུ་ལངས་ཤིང་། 1940ལོར། སུའུ་ལེན་གྱིས་པའོ་ལན་ས་ཁུལ་དུ་སྒེར་འཚིན་སྲིད་དབང་ལག་ཏུ་བསྟར་ནས་དམག་དཔོན་དང་སྲིད་གཞུང་གི་མི་སྣ་མང་བོ་བཟུང་ནས་ནག་ཉེས་ཡོད་མེད་ལ་མ་བལྟས་པར་ཀུན་པོ་བཙོན་ལ་བཅུག་པར་མ་ཟད། བསམ་ཡུལ་ལས་འདས་པའི་ཁྱད་གསོད་དང་མནར་གཅོད་ཡ་ང་བ་བྱས། སུའུ་ལེན་དམག་གིས་པའོ་ལན་མི་ཡཱ་ནོའུ་ཟི་ཅེམ·སུའུ་ཐི་ཅི་ཟི་ལ་གསང་ཉུལ་བ་དང་གཏོར་རྒོལ་བའི་ཉེས་མིང་བཏགས་ནས་ཉིན་མཚན་ལྟོས་མེད་དུ་འདྲི་གཅོད་བྱས་ཀྱང་། ཁོང་གིས་ནག་ཉེས་ཡོད་པ་ཁས་ལེན་མ་བྱས་པར་སྔར་བཞིན་ཨམ་གཙིགས་བསྡམས་ནས་བསྡད། ཡིན་ནའང་། བློ་ཡུལ་ལས་འདས་པ་ཞིག་ལ་ཁོང་གི་ཆུང་མས་སུའུ་དམག་གི་གཉའ་གནོན་འོག་རང་གི་ཁྱོ་གའི་ནག་ཉེས་ཁས་ལེན་བྱས་པར་མ་ཟད་ཤོག་བུའི་སྟེང་མིང་ཡང་བཀོད། དེ་ནས་ཁོང་ལོ་ཉི་ཤུ་ལ་ཁྲིམས་ཐག་བཅད་དེ་ཞི་པའོ་ལི་ཡཱ་བཙོན་ར་ནས་ངལ་རྩོལ་བྱེད་དུ་བཅུག ལོ་ཟླའི་འགྲོས་དང་བསྟུན་ནས་ཁོང་གིས་ཨ་རི་བ་ཧྲི་མི་ཐི་ཨན་ཏི·ཧལ་ལི་ཟི་དང་ཨུ་རུ་སིའི་མི་ཁཱ་ཅ་སོགས་རྒྱལ་ཁབ་སོ་སོའི་བཙོན་པ་མང་བོ་ངོ་ཤེས་པར་གྱུར། ཁོ་ཚོས་འགྲོ་འཆག་ཉལ་འདུག་ཁྲོད་ནས་བཙོན་རའི་ཕྱི་ནང་གི་སོ་སྲུང་བ་དང་རྒྱུན་ལྡན་གྱི་ལས་ཀའི་གོ་རིམ། དམག་མི་བརྗེ་སྤོར་སོགས་ལ་ལྟ་རྟོག་དཔྱིས་ཕྱིན་པར་བྱས་ཤིང་། སྣ་ཚོགས་སྐྱོགས་བརྒྱས་བྲོས་བྱོལ་ཇི་ལྟར་བྱེད་ཐུབ་མིན་ཕྱོགས་ནས་གྲོས་བསྡུར་མང་བོ་བྱས། གལ་ཏེ། འབྲོ་ཐུབ་པའི་དབང་དུ་བཏང་ན་ལམ་ཐག་རིང་བོ་བརྒྱུད་དགོས་པས་བཟའ་ཆས་འདང་ངེས་ཤིག་དགོས་པ་སྨྲོས་མ་དགོས་པས། ཁོ་ཚོས་ཉིན་ལྟར་བཟའ་ཆས་བྲེ་གསོག་ཕུ་གསོག་བྱས་ཏེ། དགུན་ཟླ་གསུམ་པ་མཇུག་བསྒྲིལ་མ་ཐག་འབྲོ་རྒྱུར་ཐག་གིས་བཅད།

         རླུང་འཚུབ་ཤུགས་ཀྱིས་ལྡང་བའི་མཚན་གཞུང་ཞིག་ལ་བཙོན་རའི་ཕྱི་ནང་ཀུན་ལ་བུ་ཡུག་གི་འཚུབ་མས་ཀུན་ནས་གཙེས་ཏེ་མིག་མདུན་གྱི་ནམ་མཁའ་ཡང་ཉེ་བར་བསྒྲིབས། ཁོ་ཚོས་གོ་སྐབས་འདི་དང་བསྟུན་ནས་འབྲོ་བའི་སྟ་གོན་བྱས། འཇིགས་སྐྲག་གིས་སྐད་མི་ཐོན་པ་དང་དམྱལ་ཁམས་དངོས་སུ་མིག་གིས་མཐོང་བ་ལྟ་བུའི་བཙོན་ར་ནས་ཐར་ཏེ། རི་རྩེ་དགུང་དུ་ཟུག་པའི་དཀན་གཟར་དང་གཏིང་སྤོབས་དཀའ་བའི་རྒྱ་མཚོ། གཅན་གཟན་སྡིག་ལ་རྔམ་པས་ཡོངས་སུ་བསྐོར་བའི་ནགས་ཚལ། སྐྱེ་དངོས་ཡོད་ཚད་ཁྱུར་མིད་དུ་བཏང་བའི་མྱ་ངམ་ཐང་། ཀྱག་ཀྱོག་དང་འགག་ཕྲེང་གི་ལམ་ཕྲན་སོགས་ཁྱད་དུ་བསད་དེ་ལྷོ་འཛམ་བུ་གླིང་གི་རང་དབང་ལུང་བའི་ཕྱོགས་སུ་གོམ་སྟབས་བསྒྱུར། ཕྱིར་ལོག་པའི་ལམ་བར་དུ་གཉེན་ཉེ་དུ་དང་གྲོགས་མཛའ་བཤེས་གཅིག་ཀྱང་མེད་པའི་པའོ་ལན་བུ་མོ་ཞིག་དང་འཕྲད་དེ་ཁོ་ཚོ་དང་མཉམ་དུ་སྡུག་ན་སྡུག་གཅིག་སྐྱིད་ན་སྐྱིད་གཅིག་གི་རྣམ་ཐར་བསྐྱངས་ནས། རེ་བ་དང་སྤོབས་པ་སེམས་སུ་རུམ་ནས་དཀའ་ཚེགས་ཡོད་ཚད་ཐལ་བའི་རྡུལ་ལྟར་དོར་ཏེ་ལམ་ལ་ཆས་སོ།།

         ལམ་བར་ནས་གཅན་གཟན་གྱི་འཇིགས་པ་དང་གངས་སྐྱོན། བཀྲེས་སྐོམ། གྲང་ངར་དང་ཚད་པ་སོགས་ཀྱིས་ལན་བརྒྱར་གཙེས་ཀྱང་རེ་བའི་མེ་ལྕེ་དྲོན་མོ་སེམས་སུ་རུམ་ནས་སོག་པོ་དང་ལྷ་ས། རི་བོ་ཧི་མ་ལ་ཡ་སོགས་ལེ་དབར་སྟོང་ཕྲག་བཞི་ལྷག་མི་འཇིགས་རྡོག་པས་བརྫིས་ནས། མཐར་འདྲེན་པ་སྟོང་གི་འབྱོན་བཞུགས་ཀྱི་བསྟི་གནས་རྒྱ་གར་འཕགས་པའི་ཡུལ་དུ་བརྟོལ། རྣམ་པ་གཅིག་ཏུ་ན། བྱ་བ་གང་ཞིག་བསྒྲུབས་ཀྱང་ཐོབ་ཤོར་གཉིས་ཀ་ཡོད་པ་ཆོས་ཉིད་དུ་སོང་གཤིས། ལེ་དབར་སྟོང་ཕྲག་མང་བོ་བརྒྱུད་ནས་ཁོ་ཚོ་རང་དབང་ལུང་བར་བརྟོལ་ཀྱང་། ལམ་བར་ནས་དཀའ་སྡུག་སྨྲ་བསམ་བརྗོད་ལས་འདས་པ་མྱངས་པས། དང་ཐོག་བཙོན་ར་ནས་འབྲོ་དུས་མི་བདུན་ཡོད་ལ་དེའི་ཁྲོད་ཀྱི་མི་གསུམ་བཀྲེས་སྐོམ་གྱིས་ཕྱི་མའི་ལྟད་མོར་དྲངས་ཤིང་པའོ་ལན་གྱི་བུ་མོ་སྙིང་ལ་རྗེ་བོ་དེའང་ཚད་པས་གདུང་ནས་དུས་ཀྱི་ཆོས་ཉིད་དུ་གྱུར། སྐབས་དེའི་རྒྱ་གར་ནི་དབྱིན་ཇིའི་མི་སེར་སྤེལ་ཡུལ་ཡིན་ནོ།།

         དམག་འཁྲུག་གིས་མི་རྣམས་ཀྱི་བདེ་སྐྱིད་ཀྱི་འཚོ་བ་དང་རང་དབང་འཕྲོག་པས་དམག་འཁྲུག་གི་ངོ་བོ་ལ་སུན་འབྱིན་བྱས་ཏེ། རང་དབང་གི་ཆེད་དུ་བྲོས་བྱོལ་བྱེད་པ་ཡིན། ཤི་ཡང་རང་དབང་གིས་ཤི་བ་དང་གསོན་ཡང་རང་དབང་གིས་གསོན་པའི་ཆོད་སེམས་བརྟན་པོ་སྙིང་ལ་བཅངས་ནས་མུན་ནག་གི་བཙོན་ར་ནས་ཅི་མི་སྙམ་པར་བྲོས་བྱོལ་བྱེད་པ་དེས། འགྲོ་བ་མིའི་རིགས་ནམ་ནམ་ཞར་ཞར་ཞི་བདེ་དང་རང་དབང་གི་ཕྱོགས་སུ་བསྐྱོད་དགོས་པའི་འབོད་སྐུལ་བཏང་ངོ་།།



རྩོམ་སྒྲིག་པ། ཚེ་པེ།