ཌ་མ་རུ།

    བོད་ཀྱི་ལག་ཤེས་ཀུན་འདུས་ཆེན་མོ།    2013-08-22

ཌ་མ་རུ།

ཌ་མ་རུ་ཞེས་པ་ནི་ལེགས་སྦྱར་སྐད་རང་སོར་བཞག་པ་སྟེ།གཡས་གཡོན་གཉིས་ཕྱོགས་སུ་དཀྲོལ་ནས་བརྡུང་ཆོག་པའི་གསང་སྔགས་པའི་རོལ་ཆ་རྔེའུ་ཆུང་ཞིག་སྟེ།དེའི་བཟོ་དབྱིབས་ནི་མི་ཐོད་གཉིས་ལྟག་སྤྲོད་སྦྱར་བ་དང་མཚུངས་ཤིང་།སྒྲོམ་གྱི་གཞོགས་གཡས་གཡོན་གཉིས་ཀར་པགས་པས་གཡོགས་པ་དང་།རྐེད་པར་དར་ལ་སོགས་པའི་༼རྒྱས་པར་གཡུ་བྱུར་སོགས་ཀྱི་ཕྲ་རྒྱན་བཏབ་པའི་གསེར་དངུལ་གྱི་སྐེད་འཆིང་༽རྐེད་འཆིང་།ལག་གཟུང་གི་ཐག་པར་ཕྲ་ཚོམ་གྱིས་ཕྱུག་ཅིང་བྱུ་རུའི་སྟར་བརྒྱུས་སོགས་ཡོད་ལ་དབྱིབས་འཕན་དང་འདྲ་བའི་ཌམ་མཛར།ཌ་མ་རུའི་རྐེད་པའི་དབུས་ཀྱི་གཡས་གཡོན་གྱི་ཐད་ཀར་རྡུང་བྱེད་རིལ་བུ་གཉིས་སྦྲགས་མར་ཡོད་པ་བཅས་སོ། བོད་དུ་ཌ་མ་རུ་ནམ་ཙམ་བྱུང་བའི་སྐོར་ལ།བསམ་ཡས་ཚེས་བཅུའི་གར་འཆམ་ཉིན་གཉིས་པའི་སྐབས་དམག་ཟོར་མའི་ལག་ཏུ་འཆང་བའི་ཌ་མ་རུ་དེ་ཉིད་སྔོན་སློབ་དཔོན་པདྨ་འབྱུང་གནས་ཞལ་བཞུགས་སྐབས་ཕྱག་བཞེས་གནང་མྱོང་བའི་ཐོད་ཌམ་དེ་ཡིན་ཞེས་གྲགས་པས།ལོ་ངོ་སྟོང་ལ་ཉེ་བའི་ལོ་རྒྱུས་ལྡན་པར་སྙམ།དེ་བཞིན་དུས་རབས་བཅུ་གཅིག་བཅུ་གཉིས་ནང་ཕ་དམ་པ་སངས་རྒྱས་དང་།མ་ཅིག་ལབ་སྒྲོན་སོགས་ནས་བརྒྱུད་པའི་ཞི་བྱེད་གཅོད་ཀྱི་ལུགས་ཞེས།ཕུང་པོ་གཟན་སྒྱུར་གྱིས་དུར་ཁྲོད་སོགས་སུ་གཅོད་གཏོང་བའི་ཆོ་ག་སྤེལ་ཚུལ་དར་བ་དང་།གཅོད་གཏོང་སྐབས་གཅོད་པའི་ཡོ་བྱད་ལ་ཌ་མ་རུ་དང་།དྲིལ་བུ།རྐང་གླིང་སོགས་སྤྱོད་སྲོལ་ཡོད་པ་ནི་དུས་ད་ལྟའི་བར་དུའང་མཐོང་ཆོས་སུ་མཆིས།
སྤྱིར་གཅོད་གཏོང་སྐབས་སྤྱོད་པའི་ཌ་མ་རུ་ལ་གཅོད་ཌམ་ཟེར་ཞིང་དབྱིབས་ཟླུམ་ཞིང་ཆེ་བ་དང་།ནམ་རྒྱུན་སྤྱོད་པའི་ཌ་མ་རུ་ནི་ཅུང་ཆུང་ལ་ཀ་པཱ་ལའི་དབྱིབས་ཅན་ནོ།། དེ་བཞིན་ཌ་མ་རུ་ལའང་ཐོག་ཌམ་ཞེས་མི་ཐོད་ལྟག་སྤྲོད་༼དེ་ཡང་སྐྱེས་པ་ལོ་བཅུ་དྲུག་ལ་ཁུ་བ་འཛག་ཅིང་།བུད་མེད་ལོ་བཅུ་གཉིས་མ་ལ་ཁྲག་འཛག་པས།དེ་དག་མཉམ་པར་སྦྱར་བ་ལས་བདེ་བ་འབྱུང་གི །དེའི་གོང་དུ་ཁུ་བ་དང་ཁྲག་མི་འཛག་པས།དགོས་པ་དེ་ཉིད་མི་འགྲུབ་པར་རྒྱུད་སྡེ་སོགས་ལས་གསུངས་༽སྦྱར་བ་ལས་བྱས་པ་དང་།ཤིང་ཌམ་ཞེས་ཙན་དན་དང་སེང་ལྡེང་ལ་སོགས་པའི་རིགས་ལས་བྱས་པ་སྣ་ཚོགས་བྱུང་ཡང་།ཕྱིས་ཐོད་ཌམ་གྱི་ཚབ་ཏུ་བ་སོ་ལས་བྱས་པ་དེ་འདྲའང་དངོས་སུ་མཐོར་རྒྱུ་ཡོད་ལ།དེ་ཡང་ཞི་དྲག་གི་དབང་དུ་བྱས་ན།ཐོད་ཌམ་གྱི་ཚབ་ཏུ་བ་སོ་ལས་བྱས་པ་དེ་འདྲའང་དངོས་སུ་མཐོང་རྒྱུ་ཡོད་ལ།དེ་ཡང་ཞི་དྲག་གི་དབང་དུ་བྱས་ན།ཐོད་ཌམ་ནི་དྲག་པོ་དང་ཤིང་ཌམ་ནི་ཞི་བ་ཡིན་པས།དྲག་པོའི་ཆོ་གའི་སྐབས་ཐོད་ཌམ་དང་ཞི་བའི་ཆོ་གའི་སྐབས་ཤིང་ཌམ་དཀྲོལ་བ་ཡིན། ཌ་མ་རུའི་བྱེ་བྲག་ཅང་ཏེའུ་ནི་རྒྱུ་ཐོད་པ་དང་ཤིང་ལས་བྱས་པ་གཉིས།ཤིང་ལ་བཛྲ་ཞེས་རྡོ་རྗེ་ཅན་གྱི་ཤིང་དང་།ཤིརྴ་ཏེ་ཙན་དན་བ་ལང་མགོའི་རྩ་བ།ཙན་དན་དམར་པོ་བཅས་གསུམ་རབ་ཡིན་ལ།མ་རྙེད་ན་ཡིད་ལ་གང་འདོད་ཀྱི་ཤིང་གང་ཡང་རུང་བ་རྒྱུད་ལས་གསུངས་སོ།། རང་རེ་རྣམས་ཀྱི་མཐོང་ཆོས་སུ་གྱུར་པའི་ཅང་ཏེའུ་དེ་རྣམས་ནི་ཌ་མ་རུ་དེ་རྣམས་ནི་ཌ་མ་རུ་ལས་རྐེད་པ་རིང་བ།ངོས་ཆུང་ལ་དཔངས་མཐོ་བ།ངོས་གཉིས་ཀྱི་པགས་པའི་བར་སྐུད་པས་སྦྲེལ་ཚུལ་ཡང་།སྐུད་པ་ཕྲ་ཞིང་ཤིན་ཏུ་གྲིམས་པར་བཀལ་་སྟེང་འོག་གི་བུ་ག་དག་ལས་ཕན་ཚུན་བསྣོལ་མར་དྲངས་ནས་བརྒྱུས་པས་སྐུད་པའི་རེ་མིག་ཆོས་འབྱུང་ལྟ་བུ་སྟེང་དུ་བཅུ་དྲུག་དང་འོག་ཏུ་བཅུ་དྲུག༼ཡས་བབས་དང་མས་བརྟན་གྱི་དགའ་བ་བཅུ་དྲུག་བཅུ་དྲུག་མཚོན་པའི་དོན་དུ་བཤད༽འབྱུང་ཞིང་།རྐེད་པར་དར་ལ་སོགས་པའི་རྐེད་འཆིང་གིས་དྲ་བའི་སྐབས་ཕན་ཚུན་བསྣོལ་བའི་མཚམས་ནས་ཅུང་ཟད་བསྡམས་པས་དཀྲི་བ་དང་།རྡུང་བྱེད་རིལ་བུ་གཉིས༼ཆུ་སྐྱར་གྱི་རྐང་པ་རློན་པ་ལས་བསྒོངས་ནས་སྤྲ་ཚིལ་དང་གཡོག་མ་སྲབ་མོས་གྲིལ་བ༽མིའི་སྐྲ་ལས་བྱས་པའི་སྐུད་པ་སོགས་ཀྱི་སྣེ་མོར་བཏགས་ནས་ཅང་ཏེའུའི་རྐེད་པའི་དབུས་ཀྱི་གཡས་གཡོན་དུ་ཐད་ཀར་བཏགས་པ་སོགས་ཡིན་ནོ།།
སྤྱིར་ཅང་ཏེའུ་ནི་ལྷའི་ཕྱག་མཚན་ཙམ་ལས་ནམ་རྒྱུན་ཆོས་ལུགས་ཆོ་གའི་སྐབས་སྤྱོད་སྲོལ་ཉུང་ཡང་མཆོད་པའི་རྣམ་གྲངས་རྒྱས་པ་མཆོད་པ་སྣ་ལྔ་སོགས་འབུལ་དུས་རོལ་མོའི་བྱེ་བྲག་ཅིག་ཏུ་བརྩིས་ནས་དཀྲོལ་བ་ཡིན་ལ།ཌ་མ་རུ་དང་ཅང་ཏེའུ་ཐུན་མོང་གི་དཀྲོལ་ཚུལ་ལ་ཡང་ལག་གཡས་པའི་མས་ཀྱི་སོར་མོ་གསུམ་པོས་ལག་གཟུང་ཐག་པ་ནས་དམ་དུ་བཟུང་ནས་མཐེ་བོང་དང་མཛུབ་མོ་གཉིས་ཀྱི་བར་དུ་དཀྲོལ་བ་ཡིན་ལ།གཞན་ཡང་སྐད་ཐང་ལྷོད་དང་།ཌམ་རྒྱག་ཡོད་མེད།ཌམ་རྒྱག་ཡོད་ཀྱང་མང་ཉུང་ཅི་རིགས་དཀྲོལ་བ་སོགས་སྣ་ཚོགས་ཡོད་དོ།།


  • ལེ་ཚན་སྔོན་མ།:རྒྱ་གླིང་།
  • ལེ་ཚན་རྗེས་མ།:རྔའི་རིགས།