ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱིས་འཛམ་གླིང་ཆུའི་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ།

W020200324585706224008.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ3པའི་ཚེས22ཉིན་ནི་འཛམ་གླིང་ཆུའི་ཉིན་མོ་ཐེངས28པ་དེ་ཡིན་ལ་སྤྱི་ཚེས22ནས28ཉིན་བར་ནི་ཀྲུང་གོའི་ཆུའི་གཟའ་འཁོར་ཐེངས33པ་ཡང་ཡིན།  དེ་ཉིན་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཆུ་བེད་ཅུས་ཀྱི་ལས་དོན་མི་སྣས་རྒུ་རུམ་གྲོང་རྡལ་སྤ་རྭ་གྲོང་ཚོར་ཆུ་གྲོན་ཆུང་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་བདེ་སྐྱིད་ལྡན་པའི་མཚོ་དང་མཚེའུ་བསྐྲུན་ཞེས་བརྗོད་དོན་གཙོ་བོར་བྱས་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།  བྱེད་སྒོ་སྤེལ་རིང་ལས་དོན་མི་སྣས་ཞིང་འབྲོག་མང་ཚོགས་ལ་དྲིལ་བསྒྲགས་ལག་དེབ་སྤྲད་དེ་ཆུ་གྲོན་ཆུང་གི་སྲིད་ཇུས་དང་ཤེས་བྱ་དྲིལ་བསྒྲགས་བྱས་ནས།  ཞིང་འབྲོག་མང་ཚོགས་ཚོས་ཆུར་གཅེས་སྤྲས་དང་གྲོན་ཆུང་གི་གོམས་གཤིས་བཟང་པོ་འཇགས་རྒྱུར་ཁྲིད་སྟོན་བྱས་ཡོད།


སྤ་རྭ་གྲོང་ཚོའི་ཧྲུའུ་ཅི་དང་པོ་ཀུན་བཟང་རྡོ་རྗེས་ད་ཐེངས་ཀྱི་བྱེད་སྒོ་ལས་ང་ཚོས་ཆུ་གྲོན་ཆུང་དང་སྣོད་བཅུད་སྲུང་སྐྱོང་བྱེད་དགོས་པའི་གལ་ཆེའི་རང་བཞིན་ཤེས་རྟོགས་བྱུང་།  སླད་ཕྱིན་ང་ཚོས་ངེས་པར་དུ་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཆུ་གྲོན་ཆུང་ལ་ལྷོད་གཡེང་སྤུ་ཙམ་གཏོང་གི་མིན་ཞེས་བཤད།

སྟོད་ལུང་བདེ་ཆེན་ཆུས་ཆུ་བེད་ཅུས་ཀྱི་ལས་རོགས་ལག་རྩལ་ཆེ་མོ་བ་སྒྲོལ་དཀར་གྱིས།  ད་ཐེངས་ཀྱི་བྱེད་སྒོའི་དམིགས་ཡུལ་ནི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོས་ཆུ་གྲོན་ཆུང་གི་འདུ་ཤེས་བརྟན་པོ་འཛུགས་པ་དང་།  འདུ་ཤེས་དེ་རྒྱུན་གཏན་ཅན་དུ་འགྱུར་ཐུབ་པ་བྱས་ཐོག་མི་དེ་བས་མང་བ་ཆུ་གྲོན་ཆུང་དང་ཆུའི་ཁོར་ཡུག་སྲུང་སྐྱོང་བྱེད་པའི་ཁྲོད་ཀྱི་ཁྱབ་སྤེལ་བ་དང་ལག་ལེན་པ།  དཔེ་སྟོན་པ་བཅས་སུ་འགྱུར་བ་བྱ་རྒྱུ་དེ་རེད་ཅེས་བཤད།


ཤེས་རྟོགས་བྱུང་བར་གཞིགས་ན།  མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྤྱི་ལོ2020ལོའི་འཛམ་གླིང་ཆུའི་ཉིན་མོའི་བརྗོད་དོན་གཙོ་བོ་དེ་ཆུ་དང་གནམ་གཤིས་ཀྱི་འགྱུར་ལྡོག(Water and climate change)ཅེས་པར་གཏན་འཁེལ་བྱས་ཡོད།  རང་རྒྱལ་གྱིས་སྤྱི་ལོ2020ལོའི་འཛམ་གླིང་ཆུའི་ཉིན་མོ་དང་ཀྲུང་གོའི་ཆུའི་གཟའ་འཁོར་གྱི་བྱེད་སྒོར་དྲན་གསོ་ཞུ་བའི་བརྗོད་དོན་གཙོ་བོ་དེ་ཆུ་གྲོན་ཆུང་བྱ་རྒྱུ་མཐའ་འཁྱོངས་བྱེད་ཅེས་པ་དེ་ཡིན།། 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།