གཏམ་རྒྱུད་ཞིག་ནམ་ཡང་མཇུག་རྫོགས་པའི་དུས་ཞིག་ཡོད་དམ།སྤྱང་བློ་ཤེར།

བློ་དར། 洛达文化网平台 2021-11-17 11:04



    གཏམ་རྒྱུད་ཞིག་ནམ་ཡང་མཇུག་རྫོགས་པའི་དུས་ཞིག་ཡོད་དམ།




          ང་ནི་ནམ་ཡང་ཕ་ཡུལ་ལ་ཁ་བྲལ་མ་མྱོང་བའི་འབྲོག་ཕྲུག་ཅིག་ཡིན་སྙམ། རྒྱུ་མཚན་ཕ་ཡུལ་གྱིས་ང་ལ་གཡོ་སྒྱུའི་གཟུགས་བརྙན་གང་ཡང་བསྟན་མ་མྱོང་པར་རང་ཉིད་ཧ་ཅང་གསལ་བོར་མཐོང་བྱེད་ཀྱི་གས་ཆག་མེད་པའི་མེ་ལོང་ཞིག་བསྩལ་བྱུང་། མེ་ལོང་དེའི་མིང་ལ་ཕོ་ལོ་ཉི་ཤུའི་རིང་ལ་སྤང་ཐང་ནས་རྟ་ནོར་དང་མཉམ་དུ་ནར་སོན་པའི་སྐྱིད་སྡུག་འདྲེས་པའི་ཀྱོག་ལམ་རིང་མོ་ཟེར། རང་ཉིད་ཅིའི་ཕྱིར་གཞན་དང་མ་འདྲ་བའི་ཕ་ཡུལ་ལ་དགའ་ཞེན་དང་དད་འདུན་ཡོད་པ་ཡིན་ནམ། རྒྱུ་མཚན་ཕ་ཡུལ་གྱིས་ང་ལ་གཞན་ཡུལ་གང་གིས་ཀྱང་ཚབ་བྱེད་མི་ཐུབ་པའི་རང་ཉིད་ཀྱི་ཤ་རུས་ཁྲག་གསུམ་ན་འོ་ཆུ་བཞིན་འདྲེས་པའི་ཚོར་སྣང་ཟབ་མོ་ཞིག་གནང་བྱུང་། དེ་ནི་ཕ་ཡུལ་ཞེས་པའི་འབྲོག་སྡེ་ཆེན་པོ་དེ་དུས་བཞིའི་ཚ་གྲང་གི་རེས་མོས་ལ་འགྲོགས་པའི་འབྲོག་མི་ཞིག་དང་། བསྐྱར་ལས་ཟོ་ཆུན་འཁོར་ལོ་ལ་ཏག་ཏག་འཐམས་པའི་ཟད་མེད་ཀྱི་ལས་གནས་ཁང་ཆུང་ཆུང་ཞིག་ཀྱང་ཡིན་ལ།ཡིན་ནའང་། གནས་དེ་ན་ཡོད་པའི་མི་ཚོགས་ཤིག་གི་བྲང་གཞུང་གི་བྱེ་ཐང་ན་སྐྱིད་སྡུག་འདྲེས་མའི་རླུང་བུའི་བྱེ་རྡུལ་ཞིག་ངེས་མེད་དུ་འཚུབས་ནའང་། ཁོ་ཚོ་སྔར་བཞིན་གནས་དེ་ན་གདོང་ལ་འཛུམ་གྱིས་ཁེངས་ཀྱང་ཡིད་སེམས་སྤྲོ་བར་འགྲོགས་ཏེ་མདུན་སྐྱོད་དང་རེ་འདུན་རྐྱང་རྐྱང་ཞིག་ལ་བསྙེགས་ནས་ཟད་མེད་ཀྱི་འཁོར་ལོ་འདྲ་བའི་ལམ་རིང་ཞིག་ན་བགྲོད་ཀྱིན་འདུག དེ་ནི་ཕ་ཡུལ་ཞེས་པའི་ཐ་སྙད་བཏགས་ཡོད་ཙམ་གྱིས་ཁོ་ཚོར་གནང་བའི་མངོན་རྟོགས་མྱོང་གྲུབ་བྱེད་ཐུབ་པའི་གཟུགས་བརྙན་འདྲ་བའི་ལྷད་མེད་ཀྱི་ལེགས་སྐྱེས་ཤིག་ཀྱང་ཡིན། གཞན་ཡུལ་ཁང་བརྩེགས་མཐོ་བའི་གྲོང་ཁྱེར་དང་མི་ཚོགས་མང་བའི་སྲང་ལམ་སོགས་ནས་ཁྱེད་ཚོས་ཐབས་བརྒྱ་ཇུས་སྟོང་གིས་ཚོར་སྣང་དེ་འདྲ་ཐོབ་པར་སྨོན་ལམ་བཏབ་ཀྱང་འགྲུབ་པའི་དུས་ཚོད་ནི་ཉིན་མོའི་སྐར་མ་ལས་མ་འདས་སོ།  དེའི་ཕྱིར་བདག་གི་རྐང་གཉིས་གཞན་ཡུལ་གྱི་ལམ་རིང་གང་ལ་བགྲོད་ནའང་ཡིད་སེམས་ཀྱི་བྲང་གཞུང་ན་ཕ་ཡུལ་དྲན་པའི་རྦ་རླབས་རྟག་ཏུ་འཕྱུར་གྱིན་འདུག 

        

       

        བདག་གི་མིག་ལམ་ན་འཇིག་རྟེན་གྱི་ཁྲ་ཁྲ་སྣ་ཚོགས་ཤིག་མཐོང་བའང་བདེན། ཡིད་ཀྱི་བྲང་གཞུང་ན་བརྗེད་ཐབས་མེད་པའི་ལོ་ཟླའི་རྒྱུན་ཐག་ལས་གྲུབ་པའི་ཚོར་སྣང་ཟབ་མོ་ཞིག་ཡོད། 

དེ་ནི་རང་ཉིད་ནོར་ཁྱུའི་རྗེས་འདེད་ཀྱི་འབྲོག་ཕྲུག་བྱས་ནས་དུས་ཚོད་ཀྱིས་ང་ལ་གནང་བའི་སེམས་ཀྱི་དབྱངས་རྟ་སྙན་མོའམ་འགྱུར་མེད་དེ་ཡིན། དེ་ནི་ཁ་བ་བུ་ཡུག་གི་ཉིན་དེ་མྱུར་དུ་བགྲོད་ན་འདོད་ཀྱང་སྔར་བཞིན་དུས་ཚོད་ཀྱི་ཐག་སྒྲ་ལ་འགྲོགས་ཏེ་ཡུན་གྱིས་བགྲོད་པ་དང་། ལྷས་དཀྱིལ་ཚ་དྲོད་ཀྱིས་ཁྱབ་པའི་ཉིན་དེ་ཡུན་གྱིས་བགྲོད་ན་འདོད་ཀྱང་སྔར་བཞིན་དུས་ཚོད་ཀྱི་ཐག་སྒྲ་ལ་འགྲོགས་ཏེ་བགྲོད་པ་དེ་ཡིན། དེ་ནི་གླེགས་བམ་གྱི་ཁྲོད་ན་ཡོད་པའི་མི་རྟག་པའི་གོ་དོན་དང་། གྲོང་ཁྱེར་གྱི་བགྲེས་པོ་མང་བོ་ཞིག་གིས་འཆི་བར་འཁང་ར་བྱེད་པ་དང་། དེང་དུས་གཞོན་སྐྱེས་མང་བོ་ཞིག་གིས་རྒས་ཉམས་ལ་སུན་སྣང་སྐྱེས་པའི་ལན་དུ་བྱིན་པའི་དུས་ཚོད་ཀྱི་ཆོས་ཉིད་ཟབ་མོ་དེ་ཡིན། དེ་ནི་ང་རང་རི་སྒང་ཞིག་ན་ཡོད་ཀྱང་ང་དང་ཁོ་ཚོར་མཉམ་དུ་གནང་བའི་ཕ་ཡུལ་གྱི་ལེགས་སྐྱེས་རླབས་ཆེན་དེ་ཡིན།


                 

        ཕ་ཡུལ་གྱིས་ང་ལ་ཕྱོགས་བཞིར་བགྲོད་པའི་ལམ་ཆེན་རེ་བཟོས་ཡོད་ནའང་རང་ཉིད་ཀྱིས་ཕྱོགས་བཞིའི་བགྲོད་ལམ་ལ་རྐང་རྗེས་རེ་ཕབ་ཐུབ་མིན་རང་ཉིད་ཀྱི་རྐང་བ་ཁོ་ན་ལ་རག་ལས། རང་ཉིད་ཕྱོགས་བཞིའི་བགྲོད་ལམ་ལ་བསྐྱོད་དེ་ཕྱོགས་བཞིའི་འཇིག་རྟེན་གྱི་ལྟད་མོ་སྣ་ཚོགས་ཤིག་མཐོང་ཡང་། དྲན་ངོས་སུ་བསུབ་ཐབས་མེད་པའི་རི་མོ་ནི་ཕ་ཡུལ་གྱིས་ང་ལ་གནང་བའི་དུས་བཞིའི་འཁོར་སྐྱོད་ཁྲོད་ན་ཡོད་པའི་ཟོ་ཆུན་འདྲ་བའི་བསྐྱར་ལས་ཀྱི་འབྲོག་པའི་འཚོ་བ་དང་། དུས་ཚོད་ཀྱི་ཐག་སྒྲའི་ནང་ན་ཡོད་པའི་མི་རྟག་པའི་ཆོས་ཉིད་བསྟན་རྗེས་སྐྱིད་སྡུག་གི་འཚོ་བ་འཛུམ་གྱིས་བསུས་པའི་འབྲོག་ཕྲུག་གི་སྙིང་སྟོབས་དེ་ཡིན་ནོ། 


                                                                                                                                                  ༢༠༢༡  ༡༡ ༡༦ ཉིན་བྱང་ཉི་མ་བླ་བྲང་ནས་སྤྱང་བློ་ཤེར་གྱིས།



འཕྲིན་སྟེགས་འདིར་བཀོད་ཟིན་པའི་བརྩམས་ཆོས་གང་ཡིན་རྩོམ་པ་པོ་དང་དོ་དམ་པས་ཆོག་མཆན་མ་ཐོབ་པར་གང་འདོད་དུ་བཤུ་འཁྱེར་གྱི་ལས་བགྱིད་མི་རིགས་སོ།།



 


ཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག

རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།



洛达文化网平台

微信LSDJ1512

大家关注一下