ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

རྭ་གསུམ་འབྲུག་གི་འགྱུར་རྡོར་ཡོ་སྒོར་ས་ཡ6.65བྱས་ནས་བཙོངས་པ།

2021-10-23 16:17:00     责编:桑吉卓玛

རྭ་གསུམ་འབྲུག་གི་འགྱུར་རྡོར་ཡོ་སྒོར་ས་ཡ6.65བྱས་ནས་བཙོངས་པ།

 

 

       ཀྲུང་གོ་གསར་འགྱུར་ཁང་ཕ་རི་སི་ནས་སྤྱི་ཟླ་10ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཀྱི་སྤྱི་ཟླ་10ཚེས་21ཉིན། འཛམ་གླིང་ཐོག་གཏུམ་འབྲུག་རྭ་གསུམ་ཅན་གྱི(三角龙)འགྱུར་རྡོའི་སྒྲོམ་གཞི་ཆེ་ཤོས་དེ་ཧྥ་རན་སེའི་ཕ་རི་སིའི་ཏེ་ལུའུ་ཨའོ་རིན་སྡུར་ཚོང་སྒྱུར་ཁང་(德鲁奥拍卖行)ནས་ཡོ་སྒོར་ས་ཡ་6.65བྱས་ནས་་བཙོངས་པ་རེད།

 

       ཕ་རི་སིར་ཏེ་ལུའུ་ཨའོ་རིན་སྡུར་ཚོང་སྒྱུར་ཁང་གིས་ཉིན་དེར་འཛམ་གླིང་རང་བྱུང་ལོ་རྒྱུས་ཀྱི་འབྲེལ་ཡོད་ཉར་ཚགས་དངོས་པོ་རིན་སྡུར་ཚོང་སྒྱུར་གྱི་ཆེད་དོན་ཚོགས་འདུ་འཚོགས་པ་དང་། གཏུམ་འབྲུག་རྭ་གསུམ་ཅན་གྱི་འགྱུར་རྡོའི་སྒྲོམ་གཞི་དེ་ནི་རིན་སྡུར་ཚོང་སྒྱུར་ཁང་དེའི་ཚོང་རྫས་གལ་ཆེ་ཤོས་ཤིག་ཡིན་ལ། དེའི་ཚོད་རྩིས་རིན་གོང་ཡོ་སྒོར་ཁྲི་120ནས་ཁྲི་150བར་ཡིན། མཐར་ཡོ་སྒོར་6651100བྱས་ནས་་བཙོངས་པ་སྟེ། སྔོན་གྱི་ཚོད་རྩིས་རིན་གོང་ལས་ཆེས་ཆེར་མཐོན་པོ་རགས་ཡོད་པ་རེད། གཏུམ་འབྲུག་རྭ་གསུམ་ཅན་གྱི་འགྱུར་རྡོའི་སྒྲོམ་གཞི་དེ་ཉོ་མཁན་ནི་ཨ་རི་ནས་ཡོང་བའི་རང་མིང་བཤད་འདོད་མེད་པའི་ཉར་ཚགས་པ་ཞིག་རེད།

 

 

       གཏུམ་འབྲུག་རྭ་གསུམ་ཅན་གྱི་འགྱུར་རྡོའི་སྒྲོམ་གཞི་དེར་“ཡོ་ཧན་ཆེན་པོ”(Big John)ཞེས་མིང་བཏགས་པ་དང་། ལོ་ངོ་བྱེ་བ་6.6གི་ལོ་རྒྱུས་ལྡན་ཏེ།དེ་ནི་གནའ་བོའི་སྐྱེས་དངོས་རིག་པ་བས་མིག་སྔར་ཤེས་རྟོགས་བྱུང་བའི་གཏུམ་འབྲུག་རྭ་གསུམ་ཅན་གྱི་འགྱུར་རྡོའི་སྒྲོམ་གཞི་ཆེ་ཤོས་དེ་ཡིན་ཏེ། རུས་སྒྲོམ་དེའི་རིང་ཚད་ལ་སྨི་8ཡོད་པ་དང་། དེའི་མགོ་རུས་ཀྱང་དེ་དང་རིགས་གཅིག་པའི་སྲོག་ཆགས་ཁྲོད་ཀྱི་ཆེ་ཤོས་ཡིན་ཏེ། དེའི་རིང་ཚད་ལ་སྨི་2.62དང་ཞེང་ཚད་ལ་སྨི་2ཡོད་པ་རེད། འགྱུར་རྡོ་དེའི་རུས་སྒྲོམ་དེ་རྩ་བའི་ཆ་ནས་ཆ་ཚང་ཡིན་པ་དང་། གཟུགས་པོའི་རུས་གཟུགས་60%་ཆ་ཚང་བ་དང་། མགོ་རུས་ཀྱི་ཆ་ཚང་ཚད་75%ཡིན། དེའི་རུས་པར་གས་ཤུལ་ཞིག་ཡོད་པ་དེ་ནི་ཕལ་ཆེར་གཏུམ་འབྲུག་རྭ་གསུམ་ཅན་གཞན་ཞིག་དང་འཐབ་རྩོད་དྲག་པོ་བྱས་ནས་རྨས་སྐྱོན་བྱུང་བ་ཡིན་ས་རེད།

 

 

       འགྱུར་རྡོའི་སྒྲོམ་གཞི་དེ་ནི་སྤྱི་ལོ་2014ལོར་ཨ་རིའི་ནན་ཏ་ཁོ་ཐ་མངའ་སྡེ་ནས་གསར་རྙེད་བྱུང་བ་ཡིན་ཞིང་། ཆེད་མཁས་པས་ཚོད་དཔག་ལྟར་ན། གཏུམ་འབྲུག་དེ་ནི་ཆུ་ལོག་གིས་ཤི་བ་དང་མྱུར་དུ་འདམ་རྫབ་འོག་ཏུ་ཚུད་དེ། འགྱུར་རྡོའི་སྒྲོམ་གཞི་གཞི་རྩའི་ཆ་ནས་ཆ་ཚང་དུ་གནས་ཐུབ་པ་བྱུང་ཡོད་ས་རེད། འགྱུར་རྡོའི་རུས་སྒྲོམ་དེ་རྙེད་མ་ཐག་ཏུ་དབྱི་ཏྲ་ལི་རུ་བསྐྱལ་ནས་ཉམས་གསོ་བྱས་ཏེ་ཕ་རི་སིའི་རིན་སྡུར་ཚོང་སྒྱུར་ལ་གྲ་སྒྲིག་བྱས་ཡོད།

 

 

       གཏུམ་འབྲུག་འགྱུར་རྡོའི་སྒྲོམ་གཞི་ཉོ་མཁན་གྱི་འཐུས་མི་ལི་ཕུའུ་སིས། འགྱུར་རྡོ་དེའི་ལོ་རྒྱུས་ཀྱིས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་ཡོད་ངེས། ཨ་རིའི་ནན་ཏ་ཁོ་ཐ་མངའ་སྡེ་ནས་འགྱུར་རྡོའི་སྒྲོམ་གཞི་འདི་ལྟ་བུ་ཞིག་རྙེད་པ་ནི་ཧ་ཅང་ཡ་མཚན་པ་ཞིག་རེད། དེ་ཡང་མི་སྒེར་གྱི་ངོས་ནས་ཉར་ཚགས་བྱེད་ཐུབ་པ་བྱུང་བ་ཧ་ཅང་དགའ་པོ་བྱུང་ཞེས་བཤད་པ་རེད། ཡིན་ཡང་ཆེད་མཁས་པ་ཁག་གཅིག་གིས་འགྱུར་རྡོའི་སྒྲོམ་གཞི་དེ་དངོས་མང་བཤམས་སྟོན་ཁང་དུ་འཇོག་མ་ཐུབ་པར་ཕངས་སེམས་བྱེད་ཀྱི་ཡོད།

 

 

       ཐུའུ་ལུའུ་ཙེ་རང་བྱུང་ལོ་རྒྱུས་དངོས་མང་བཤམས་སྟོན་ཁང་གི་འགོ་འཛིན་ཏུའུ་ལན་སུང་གིས་ཧྥ་རན་སེ་གསར་འགྱུར་ཁང་ལ། གཏུམ་འབྲུག་རྭ་གསུམ་ཅན་གྱི་འགྱུར་རྡོའི་སྒྲོམ་གཞི་དེ་ཉོ་དགོས་ན་དངོས་མང་བཤམས་སྟོན་ཁང་གི་ལོ་བཅུ་གྲངས་ཀྱི་ཉོ་སྒྲུབ་སྔོན་རྩིས་འགྲོ་སོང་གཏོང་དགོས་ཀྱི་ཡོད་པས་ཁོང་འགྲན་ཉོ་རུ་ཞུགས་ཐབས་བྲལ་ཞེས་བཤད་པ་རེད། མི་ལ་ལས་གཏུམ་འབྲུག་གི་འགྱུར་རྡོའི་ཚོང་ར་ད་ལྟ་དར་རྒྱས་འགྲོ་བཞིན་པའི་སྒང་ཡིན་ཞིང་། ཉར་ཚགས་པས་གཏུམ་འབྲུག་གི་འགྱུར་རྡོར་བཅངས་པའི་ཡིད་དབང་འགུགས་ཤུགས་མུ་མཐུད་དུ་འཕེལ་བཞིན་པས་ན། འབྲེལ་ཡོད་དངོས་རྫས་ཀྱི་རིན་གོང་མཐོན་པོར་གནས་ནས་ཆག་མི་ཐུབ་པའི་ངོས་འཛིན་བྱས་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཞུ་དག བཀྲ་ཤིས་བཟང་པོ།
ཡིག་སྒྱུར། བྱམས་མཚོ།

 

中央广播电视总台 央广网 版权所有

རྭ་གསུམ་འབྲུག་གི་འགྱུར་རྡོར་ཡོ་སྒོར་ས་ཡ6.65བྱས་ནས་བཙོངས་པ།

ཀྲུང་གོ་གསར་འགྱུར་ཁང་ཕ་རི་སི་ནས་སྤྱི་ཟླ་10ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཀྱི་སྤྱི་ཟླ་10ཚེས་21ཉིན། འཛམ་གླིང་ཐོག་གཏུམ་འབྲུག་རྭ་གསུམ་ཅ