ཐོག་གི་གཞས་ཚིག་ཁག་བཞི།

ཐོག “托”文学网 2018-08-13



       ཐོག་གི་གཞས་ཚིག་ཁག་བཞི།




                                   ཐོག   (ཁྲི་ཀ)







 ས་སྲོས་ཤིག་གི་གླུ།   

         
ས་སྲོས་སུ   ལོ་རྒྱུས་ཤིག་གི་དབྱར་ལྗོངས་ཧ་ཅང་མཛེས
མེ་ཏོག་ཅིག་གི་འདབ་མ་ལས་མཆེད་པའི་ལོ་ཟླ
ང་ཡི་སེམས་ཀྱི་དཀྱིལ་དུ་ཟུག
ནམ་མཁར་དཔྱངས་པའི་སྤྲིན་དཀར་གྱི་ཚོམ་བུ
རྣམ་ཤེས་ཀྱི་དྭངས་གཙང་དང་འགྲོགས
མིག་ཟུང་ལས་འཐོར་བའི་མཛའ་གཞས་དང་སྐད་ཆ
རི་ཚོགས་དང་གཙང་པོ་ལ་འབུལ
རྟ་མཆོག་ཁྲི་ཕྲག་གི་རྨིག་སྒྲས་སུ་ཞིག་ལམ་ལ་ཁྲིད
ས་སྲོས་ཀྱི་ཀློང་ན   ང་ནི་སུ་ཡི་དགའ་སྤྲོ

ས་སྲོས་སུ   གཏམ་རྒྱུད་ཅིག་གི་མངའ་ཐང་ཧ་ཅང་མཛེས
རླུང་བུ་ཞིག་གི་རེག་བྱ་ལས་འཐོར་བའི་དབྱར་ཁ
ང་ཡི་མིག་གི་ལམ་དུ་ལྷུང
ས་གཞིར་འཐེན་པའི་ལྗོན་ཤིང་གི་ཡལ་ག
ཕྱིར་དྲན་གྱི་མཛེས་སྡུག་དང་འདྲེས
དགོད་སྒྲ་ལས་འཕུར་བའི་བརྩེ་བ་དང་འཛུམ་མདངས
མཚན་མོ་དང་སྐར་ཚོགས་ལ་འབུལ
ཡིག་འབྲུ་ཁྲི་ཕྲག་གི་འབོད་སྒྲས་སུ་ཞིག་ལམ་ལ་ཁྲིད
ས་སྲོས་ཀྱི་ཀློང་ན   ང་ནི་སུ་ཡི་སྐྱོ་གདུང

         
          ༢༠༡༧.༠༦.༡༢ཉིན་གྲོང་ཁྱེར་ལན་གྲུ་རུ། 


         སྣང་སྟོང་གི་སྒྱུ་འཕྲུལ།   
       
དགུན་གྱི་གྲང་ལྷགས་ཤར་ནས་ནུབ་ཏུ་གཡུག
ཉི་མའི་འོད་སྣང་ལ་དྲོད་ཁོལ་མི་འདུག
གདོང་གི་སྐྱོ་གདུང་མ་ལུས་སུ་ཡིས་ཚོར
མིག་ཟུང་རྒྱལ་མོ་ལ་འཛུམ་མདངས་མི་འདུག

སོང་མྱོང་བའི་རྐང་རྗེས་རེ་རེ་བཙལ་དུས
དཀའ་ཚེགས་ཀྱི་ལོ་ཟླ་དྲན་ཡོང
ཁྱོད་ཀྱི་རྨི་ལམ་ཆག་པའི་སྡུག་ཡུས་ལ
མི་ཚེའི་འདུན་མ་དང་དྲན་ཤིང་འཁོར་ཡོད
སྙིང་ཉེ་བའི་མི   ག་ལེར་འཕུར་དང
ནམ་མཁའ་འདི   མི་ཞིག་གི་ཕུགས་བསམ་བཞིན
མཐའ་ཡས་པའི་དུས་ཚིགས་ལ་རིང་དུ་སྲིང

ལམ་གྱི་དཀའ་སྡུག་མདུན་ན་ལང་ལོང་འཕྱུར
སེམས་པའི་གཤོག་པ་ལ་རང་དབང་མི་འདུག
སྐད་ཆའི་མངའ་ཐང་བརྒལ་ཏེ་གང་ལ་འགྲོ
སྙིང་ཆུང་དམར་པོ་ལ་འཕར་ལྡིང་མི་འདུག

འཚོལ་འོས་པའི་རྒྱང་རིང་རེ་རེ་སྙེག་དུས
ལྗང་མདོག་གི་དབྱར་ལྗོངས་དྲན་ཡོང
ཁྱོད་ཀྱི་ལོ་རྒྱུས་སྨིན་པའི་ཚེ་སྲོག་ལ
འཚོ་བའི་དགའ་སྐྱོ་དང་དོན་སྙིང་འཁྱིལ་ཡོད
སྙིང་ཉེ་བའི་མི   ག་ལེར་འཕུར་དང
ས་གཞི་འདི  མི་ཞིག་གི་གཏམ་རྒྱུད་ལྟར
རྒྱ་ཆེ་བའི་འཇིག་རྟེན་ལ་རིང་དུ་རྐྱང

                  ༢༠༡༧.༡༡.༢༢ཉིན་གྲོང་ཁྱེར་ཟི་ལིང་དུ། 

    

         

         རྨི་ལམ་ནང་གི་ཕ་ཡུལ།  
         
རྨི་ལམ་གྲངས་མེད་འབྲོག་ཐང་གི་ཞོགས་པ་རུ་ལོག
གཏམ་རྒྱུད་ཅིག་གིས་ཕྱིར་དྲན་གྱི་སྐྱོ་ངལ་གསོ
གཡང་དཀར་ལུག་གིས་ཕ་ཡུལ་གྱི་ས་གཞི་སྲུང
ལུག་རྫི་བུ་མོའི་སྐད་ངག་སྤྲིན་དཀར་དང་འགྲོགས

རྨི་ལམ་གྲངས་མེད་ཞིང་གྲོང་གི་ས་སྲོས་སུ་ལོག  
དུས་ཚོད་ཅིག་གིས་འགྲུལ་བཞུད་ཀྱི་རང་དབང་སྐྱོང
སྙེ་འབྲུའི་རླབས་ཀྱིས་ཕ་ཡུལ་གྱི་ནམ་མཁའ་འཁྲུད
ཞིང་འབྲེག་བུ་མོའི་འཛུམ་ཟེར་བསིལ་རླུང་དང་འདྲེས

རྒྱང་རིང་གི་འབྲོག་ཐང   རྨི་ལམ་ནང་གི་ཕ་ཡུལ
ནང་སེམས་ཀྱི་གཙང་བོར་སྐྱོམ་པའི་ལྷིང་འཇགས
སུ་ཞིག་གི་ཁྲ་ཆུང་མིག་ལ་ཟུག

རྒྱང་རིང་གི་ཞིང་གྲོང   རྨི་ལམ་ནང་གི་ཕ་ཡུལ
ནང་སེམས་ཀྱི་རི་རབ་སྒུལ་བའི་དབྱངས་འགྱུར
སུ་ཞིག་གི་དར་ལུང་རྣ་ལ་ལྷུང

                    ༢༠༡༨.༠༡.༠༣ཉིན་གྲོང་ཁྱེར་ལན་ཅུ་རུ། 

    

         

             སེམས་ཀྱི་མེ་ཏོག  

         
ཚོར་བའི་གཏིང་རིམ་གྱི་མེ་ལྕེ་དམར་པོ།
ཁྱོད་ཀྱི་འཛུམ་མདངས་ལས་སྐྱེས།
སྣང་བའི་ས་གཞི་ལ་ཤར་བའི་བརྩེ་བ།
ང་ཡི་བདེ་སྐྱིད་དང་མཉམ་དུ་འདུ།
མིག་ཆུའི་དྭངས་གཙང་གི་ལོ་རྒྱུས།
སོང་ཚར་བའི་ཁེར་རྐྱང་གི་རྡོག་སྒྲ།
ལུས་ཀྱི་བདེ་སྡུག་བསིལ་གྲང་།
ཉིན་མཚན་གྱི་དྲན་གདུང་མཐའ་མེད།
ཁྱོད་ལ་འབུལ།
སྙིང་སྡུག་སེམས་ཀྱི་མེ་ཏོག
མེ་ཏོག་སེར་ཆེན།
སེར་ཆེན་སེམས་ཀྱི་སྙིང་སྡུག
སྙིང་སྡུག་བུ་མོ།

སྣང་བའི་གསང་རིམ་གྱི་བྲག་ཅ་ལྕི་མོ།
ཁྱོད་ཀྱི་མིག་ཟུང་ལས་འཕྱོ།
སྟོང་བའི་ནམ་མཁའ་ལ་སྨིན་པའི་དུངས་པ།
ང་ཡི་སྡུག་བསྔལ་དང་གཏན་དུ་གྱེས།
དབྱར་ཁའི་ཉི་འོད་ཀྱི་དྲོད་འཇམ།
དྲན་འོས་པའི་ཡིད་འོང་གི་རྨི་ལམ།
སེམས་ཀྱི་དགའ་སྐྱོ་ཆགས་སྡང་།
ཞོགས་དགོང་གི་རེ་སྒུག་གྲངས་མེད།
ཁྱོད་ལ་འབུལ།
སེར་ཆེན་སེམས་ཀྱི་སྙིང་སྡུག
སྙིང་སྡུག་བུ་མོ།
བུ་མོ་སེམས་ཀྱི་མེ་ཏོག
མེ་ཏོག་སེར་ཆེན།

                   
༢༠༡༨.༠༦.༠༥ཉིན་མཚོ་ལྷོའི་ཁྲི་ཀ་རུ། 



          སྐད་འཕྲིན་ཨང་གྲངས།   446487840