ནེལ་སོན་མན་ཌེ་ལ་མཆོག་ལྷོ་ཨ་ཧྥི་རི་ཀའི་སྲིད་འཛིན་ཐོབ་རྗེས།

赞布之刀 6 days ago

ཞེ་བདེའི་གཟེངས་རྟགས་བཞེད་མྱོང་མཁན་ནེལ་སོན་མན་ཌེ་ལ་མཆོག་ལྷོ་ཨ་ཧྥི་རི་ཀའི་སྲིད་འཛིན་ཐོབ་རྗེས། ཐེངས་ཤིག་སྐུ་སྲུང་བ་ཚོ་དང་ལྷན་དུ་ཟ་ཁང་ཞིག་ལ་གུང་ཚིགས་བཞེས་ཀ་ཕེབས། ཁོ་ཚོས་ཟས་ཁང་དུ་སོ་སོ་དགའ་བའི་ཟ་མ་རྣམས་མངགས་རྗེས་ཟ་མ་ཡོང་རྒྱུར་བསྒུགས་ནས་བསྡད། ཁོ་ཚོ་དང་ཅུང་ཁ་ཐག་མི་རིང་བའི་ས་ན་སྐུ་མགྲོན་གཞན་ཞིག་གིས་ཀྱང་ཟ་མ་བསྒུགས་ནས་བསྡད་ཡོད། ནེལ་སོན་མཆོག་གིས་ཁོ་མཐོང་བ་དང་སྐུ་སྲུང་བ་ཞིག་མངགས་ནས་མི་དེ་ཚུར་བོས་ནས་ཁོ་རང་དང་མཉམ་དུ་མདུན་ཅོག་གཅིག་གི་སྟེང་དུ་ཟ་མ་མཉམ་ཟ་བྱེད་དུ་བཅུག མི་དེས་ཟ་མ་གང་མགྱོགས་མགྱོགས་ཟོས་ཤིང་། ཟོས་ཚར་རྗེས་མགོ་བོ་ཞིག་བསྒུར་ནས་སྒོ་ལ་ཐོན་ནས་བུད་སོང་ཡོད།

དེ་ནས་སྐུ་སྲུང་དཔོན་པོས་སྨྲས་པ། མི་དེ་ཕལ་ཆེར་གཟུགས་པོ་བདེ་བོ་རང་ཡོད་ས་མ་རེད། ཁོས་ཟ་མ་ཟ་སྐབས་ལག་པ་འདར་བཞིན་འདུག་ཅེས་བཤད། ནེལ་སོན་གྱིས་གསུངས་པ། ཁོ་གཟུགས་པོ་བདེ་བོ་མེད་པ་ཡིན་གྱི་མ་རེད། སྔར་ང་བཙོན་ཁང་ལ་ཡོད་དུས་ཁོ་བཙོན་སྲུང་བ་རེད། ཁོས་ང་ལ་མནར་གཅོད་ཚད་མེད་པ་བཏང་མྱོང་བ་རེད། ཐེངས་ཤིག་ཁོས་ང་ལ་མནར་གཅོད་ཚད་ལས་འདས་པ་བཏང་ནས་ངའི་ལུས་ཀྱི་ཟུང་ཤུགས་ཡོངས་སུ་ཟད་དེ་འགུལ་སྐྱོད་མི་ཐུབ་པར་ལུས་ཡོད་སྐབས། ངས་ཁོ་ལ་ཆུ་ཞིག་སྟེར་རོགས་ལབ་པ་ཡིན། ཁོས་ཐད་ཀར་ངའི་ཁ་ནང་ལ་གཅིན་པ་བཏང་སོང་།

ད་ལྟ་ང་སྲིད་འཛིན་ཆགས་ཚར་བས། ཁོས་ཕལ་ཆེར་ཁོ་རང་གིས་སྔར་ང་ལ་མནར་གཅོད་བཏང་བ་ནང་བཞིན་ངས་ཀྱང་ཁོ་ལ་འཁོན་ལན་སློག་ཡོང་གི་རེད་བསམ་ནས་ཞེེད་ཡིན་གྱི་རེད་སྙམ། ཡིན་ཡང་ང་ལ་འཁོན་ལན་སློག་འདོད་ཀྱི་བསམ་བློ་ཞིག་ཡེ་ནས་མེད་ལ། དེ་ནི་ངའི་གཤིས་ཀ་དང་མ་རེད། སུ་ལ་འཁོན་ལན་སློག་འདོད་ཀྱི་བསམ་བློ་དེ་ཡོད་ན། དེས་རང་རྒྱུད་ཀྱི་གཞན་ཕན་དང་སྙིང་རྗེ་ཡི་སེམས་གཤིས་བཟང་པོ་དེ་གཏོར་ཅིང་བརླག་པར་བྱེད་ལ། སུའི་རྒྱུད་ལ་བཟོད་པ་དང་གུ་ཡངས་ཀྱི་བསམ་བློ་ཡོད་ན། དེས་རང་རྒྱུད་ཀྱི་གཞན་ཕན་དང་སྙིང་རྗེ་རྣམས་འཕེལ་ཞིང་རྒྱས་པར་བྱེད། ཅེས་གསུངས་སོ།། གཞན་ལས་བཤུས།

དོ་དམ་པར་འབྲེལ་གནས། rangwang2006