མཐའ་མེད་པའི་བརྩེ་དུང་དང་མཛའ་བརྩེ་བསྩལ་བར་བྱིན་རླབས་གནང་བྱུང་།

藏族现代文学 7/6

Image 

Image

Image

ལྷུག་རྩོམ།
​


མཐའ་མེད་པའི་བརྩེ་དུང་དང་མཛའ་བརྩེ་བསྩལ་བར་
བྱིན་རླབས་གནང་སོང་།
  འདྲེ་གླེན་པ། ཨོ་གླིང་།


ངོ་མི་ཤེས་ཀྱང་དྲྭ་ལམ་ནས་ཕན་ཚུན་གྲོགས་སུ་གྱུར་བའི་གྲོགས་པོ་སྙན་ངག་པ་མང་པོ་འཛམ་གླིང་གི་ས་ཕྱོགས་གང་སར་ཡོད། ང་ཚོས་རྒྱུན་དུ་སྙན་ངག་བྲིས། ནུབ་ཕྱོགས་ཀྱི་འཚོ་བ་དང་ཕ་ཡུལ། ཕུགས་བསམ།  བརྩེ་དུང་། དགའ་སྐྱོ། རང་དབང་། ཆགས་སྡང་སོགས་འཛམ་གླིང་གི་ཟུར་ངོས་འདྲ་མིན་དང་སྦྱར་ཏེ་སྙན་ངག་བྲིས་པ་རྣམས་ང་ཚོས་ཕན་ཚུན་བཀླགས་པའི་བརྒྱུད་རིམ་ཁྲོད་ནས་མང་པོ་ཞིག་རང་བཞིན་གྱིས་སེམས་ཐག་ཉེ་བའི་གྲོགས་པོ་ཡིན་པའི་སྣང་བ་ཡོད། ད་དུང་སྙན་ངག་ཙམ་མིན་པར་གཞས་པ་དང་པར་པ། རི་མོ་བ་དང་རོལ་མོ་བ་སོགས་ཀྱང་ཡོད། སྒྱུ་རྩལ་གྱི་སེམས་གཤིས་ཡོད་ཚད་ཧ་ཅང་ཟབ་པའི་ཚོར་བའི་གཏིང་དང་རང་བཞིན་ལྷན་སྐྱེས་ཀྱི་དགའ་སྐྱོ་ཆགས་སྡང་གི་སྲོག་བླའི་མཐིལ་ལ་འཛུལ་བས་ན། ཕ་ཡུལ་དང་བྲལ་ཏེ་ལོ་མང་ཕྱིན་པའི་ཡུལ་འཁྱམས་པ་ང་ཚོའི་སེམས་ངོགས་ཀྱི་བསམ་ཕྱོགས་གཅིག་ལ་ཕྱོགས་ཏེ་ཤིན་ཏུ་རྙིང་བའི་ཅ་དངོས་རེ་རེ་ཡིས་བརྩེ་དུང་མཚོན་པར་བྱས། འཚོ་བ་མཚོན་པར་བྱས། ཕ་ཡུལ་མཚོན་པར་བྱས། དྲན་གདུང་མཚོན་པར་བྱས། རང་དབང་མཚོན་པར་བྱས། འདི་ལྟར་ང་ཚོས་ཕན་ཚུན་བཀླགས་པའི་བརྒྱུད་རིམ་ཁྲོད་ནས་གཅིག་གཅིག་གི་སེམས་བསྔོགས་པར་བྱས་པས་དུས་ཚོད་བྱུང་དུས་སྙན་ངག་འབྲི་ཞིང་། རོལ་མོ་དཀྲོལ་བ། རི་མོ་འབྲི་བ་སོགས་ནང་སེམས་ཀྱི་མཛེས་སྡུག་སྦྱོང་བར་གོམས་པའི་ང་ཚོ་སྐོར་ཞིག་རང་བཞིན་གྱིས་སེམས་ཐག་ཉེ་པོ་ཡོད།
ཉིན་ཤས་སྔོན་ང་རང་གྲོགས་པོ་སྙན་ངག་པ་ཞིག་གི་རྩར་བཅར་ནས་ཆུང་དུས་ཧ་ཅང་ཟ་བར་དགའ་བའི་ཁ་ཆེའི་འཐེན་ཐུག་ཟ་ཁང་ཞིག་ཏུ་ནུབ་ཟས་ཟ་སར་འགྲོ་བའི་ལམ་བར་དུ་གྲོགས་པོས“ཁ་སང་ཧི་ལ་Greece མི་རིགས་ཀྱི་རྨོ་རྨོ་ཞིག་དང་འཕྲད་བྱུང་། ཁོ་བོས་རྨོ་ལགས་སུ་ཧི་ལའི་སྐད་ཀྱིས་འཚམས་འདྲི་ཐེངས་ཤིག་བྱས་པས། རྨོ་ལགས་ཧ་ཅང་དགའ་ནས་ཁོ་བོར་འཐམས་ནས་མི་གཏོང་ལ་ཞིག་བྱས་སོང་།མི་ཟེར་བ་དེ་ལོ་རྒས་ནས་ཡོང་སྐབས་རང་གི་ཕ་སྐད་ལ་དེ་འདྲའི་དུང་བ་ཟབ་མོ་ཞིག་འདུག་”ཅེས་ཟེར་བ་དང་“ང་ཚོ་ས་མཐའ་ནས་གཅིག་པུར་བསྡད་དེ་གཞན་གྱི་མི་གོ་བའི་སྙན་ངག་འབྲི་བ་དང་རོལ་མོ་དཀྲོལ་བ་སོགས་ཀྱི་ལས་ཅི་ཞིག་བྱས་པ་ཐམས་ཅད་པོ་གཞན་གྱིས་མི་གོ་བའི་ཕ་སྐད་ཟེར་བ་ཞིག་ཡོད་པས་རེད”ཅེས་ཟེར་བས་སེམས་སུ་དངོས་གནས་ཅི་མ་བདེན་བསམ་ཞོར་ང་རང་གློ་བུར་དུ་ངག་ལྐུག་པར་གྱུར་བས་ཕྱིར་ཁོང་ལ་འོས་འཚམས་ཀྱི་ལན་ཞིག་རྒྱག་རྒྱུ་མ་རྙེད།
འདི་ནས་ཡར་དེད་པའི་ལོ་ཁ་ཤས་ཀྱི་སྔོན་ལ་ང་ཚོ་སྐོར་ཞིག་ཤིན་ཏུ་མཛེས་པར་གྲགས་པའི་རྒྱ་མཚོའི་འགྲམ་གྱི་གྲོང་ཁྱེར་ཞིག་ནས་གྲོང་གསེབ་ཅིག་ལ་གནས་སྤོས་པ་ཡིན། གྲོང་གསེབ་ལ་གཏན་སྡོད་བྱེད་མཁན་གྱི་མི་འབོར་བརྒྱ་ཆ་ཡང་དགུ་བཅུ་གོ་དགུ་ཙམ་ས་སྐྱེས་རྡོ་སྐྱེས་ཀྱི་མི་རང་ཡིན་ཙང་། ནམ་རྒྱུན་ཁོ་ཚོས་“ཁྱེད་ཚོ་ཅིའི་ཕྱིར་རི་སྒང་གི་གྲོང་གསེབ་ལ་སྤོར་བ་ཡིན་”ཞེས་འདྲི་བས། ངས་“ང་ཚོ་རི་ཁ་ཡི་སེམས་ཅན་ཡིན།རི་ལ་དགའ་པོ་ཡོད་”ཅེས་ལན་འདེབས་བྱས་དུས་མང་པོ་ཞིག་གིས་ཧ་ཅང་འཚར་སྣང་སྐྱེས་ཏེ་དྲི་བ་མང་པོ་འཕྲོ་རིམ་འཕྲོར་དྲིས་ཡོང་། གཟའ་མཇུག་དག་ལ་ང་ཚོས་རྒྱུན་ཏུ་གྲོང་གསེབ་ཀྱི་བྱང་ཕྱོགས་འབྲོག་ཐང་ལ་ཉུལ་བ་ཡིན། ཨོ་གླིང་གི་འབྲོག་པ་ནི་ཕ་ཡུལ་གྱི་འབྲོག་པ་ལྟར་འཛམ་གླིང་གི་ཟུར་སྣེ་གཞན་ཞིག་མིན་ཡང་ཤིན་ཏུ་སྙིང་ཉེ་བའི་རྟ་གཞོན་དང་ལུག་ཁྱུ་དག་མཐོང་ན་རང་གི་བླ་སྲོག་གི་གཏིང་ལ་ཟུག་པའི་བག་ཆགས་རྙིང་པ་དག་གིས་རྒྱང་རིང་གི་ཕ་ཡུལ་མཚོན་པར་བྱས་པ་ཉུང་ཉུང་ག་ལ་ཡིན། ད་ནི་ལོ་རྒས་གི་ཡོད་ནའང་འདྲ། ཅི་ཡིན་མ་ཤེས་ཀྱང་རྟག་ཏུ་ཕ་ཡུལ་དྲན་ཞིང་ཕ་ཡུལ་གྱི་ཡོད་ཚད་པོ་སྙིང་ཉེ་བ་ཤ་རྟགས་ཡིན་པ་ཡིད་ལ་འཁོར།  
ཉིན་ཞིག་ང་ཚོས་འབྲོག་ཐང་ནས་ལྕི་བ་ཆེན་པོ་ཞིག་ཁྱེར་ནས་ཡོང་སྟེ་ཁ་བཏགས་ཀྱིས་གཡོག་ནས་ཁྱིམ་གྱི་དཀྱིལ་སྙིང་ལ་མཛེས་བཤམ་བྱས། ཚོར་བ་ཡི་རིགས་ནས་བཤད་ཚེ་ང་ཚོ་ནི་འབྲོག་པའི་ལྕི་བ་ཚུན་ཆད་པོ་ཧ་ཅང་སྙིང་ཉེ་ཞིང་ཡིད་ལ་སིམ་པ། འགྲོགས་འདྲིས་ཆེ་བ།མཛའ་བརྩེ་ལྡན་པ།  བློ་ཐག་ཉེ་བ་ཤ་སྟག་ཡིན་པ་ཡིད་ལ་འཁོར་བ་ལས་གཞན་ཡུལ་གྱི་ཅ་དངོས་གསར་བ་གཅིག་ལ་ཡང་གཏིང་ཟབ་པའི་བརྩེ་དུང་ཆགས་ཐུབ་གི་མི་འདུག སེམས་སུ་ལྕི་བ་འདི་གཡག་ལྕི་ཞིག་ཡིན་ན་ཅི་མ་རུང་བསམ་ཞོར་ད་དུང་རྗེས་ཕྱོགས་ཕ་ཡུལ་ལ་འགྲོ་སྐལ་ཞིག་བྱུང་ན་ཕྱིར་ཡོང་ཁར་གཡག་ལྕི་ཞིག་ངེས་པར་དུ་ཁུར་ནས་ཡོང་དགོས་ཀྱང་དྲན།
དུས་རྒྱུན་ཞོགས་པ་ཡར་ལངས་བ་ནས་དགོང་མོ་གཉིད་མ་སོང་གི་བར་དུ་བརྩེ་བའི་ཆུང་མ་ལགས་ཀྱིས་གོ་སྐབས་ནམ་ཡོད་ལ་འཚོ་བ་དང་འབྲེལ་བའི་དྲི་བ་རྐྱང་རྐྱང་གཏོང་ཞིང་ད་དུང་ཞོགས་པ་མོ་རང་ལས་ཀར་འགྲོ་སྐབས་“ དེ་རིང་ཁྱོད་གུང་གསེང་རེད་དམ། ག་རེ་བྱེད་གི་ཡིན།  འཆར་གཞི་ག་རེ་ཡོད།" སོགས་དྲི་བ་མང་པོ་གཅིག་རྗེས་གཉིས་མཐུད་ཀྱིས་འདྲི་སྲོལ་ཡོད། ང་ལ་དངོས་གནས་དེར་འོས་འཚམས་ཀྱི་ལན་ཞིག་འདེབས་ཀྱི་མེད་པས“ གོམ་པ་རྒྱག་སར་འགྲོ་གི་ཡིན། སྙན་ངག་ཅིག་འབྲི་དགོས། འཚིག་ཇ་འཐུང་སར་འགྲོ་ཡ་ཡིན་"སོགས་བཤད།    སེམས་སུ་འཆར་གཞི་ཡོངས་རྫོགས། སྟོང་བསམ་ཚང་མ།  སྙན་ངག་ལྟ་བུའི་ཡི་གེའི་སེམས་ཚགས་ལ་བཅོལ་བ་དག་སུ་ཞིག་གིས་ཧ་གོ་བསམ།    འོན་ཀྱང་། མཚམས་མཚམས་སུ་མོ་ལ་“ཕ་ཡུལ་ལ་འགྲོ་གི་ཡིན་”སོགས་ལབ་ན་མོ་རང་ཡང་ཅི་མི་སྙམ་པར་ཁུ་སིམ་མེར་གྱུར་ཞིང་། ལན་རེར“་དང་པོ་ནས་འདུག་མི་འདུག་པར་ཅི་བྱེད་དུ་ཡོང་བ་ཡིན་”སོགས་མང་པོ་ལབ་ནས་བུད་འགྲོ། ཧུན། མོ་རང་སོང་བ་དང་ང་རང་དངོས་གནས་ཁོང་དགོད་ཤོར་ཞིང་ཕ་ཡུལ་ལ་འགྲོ་གི་ཡིན་ཞེས་ལབ་ན་ས་མཐའ་ནས་སུ་ཞིག་ལ་ན་ཟུག་གཏོང་མི་ཐུབ་དྲན་ཏེ་མོ་རང་སྙིང་རྗེ་བར་གྱུར།   
ཉིན་ཤས་གོང་དུ་ཨ་རིར་གནས་སྡོད་དྲྭ་གྲོགས་སྙན་ངག་པ་ཞིག་གིས་དྲྭ་རྒྱབ་ཏུ་John Denverལགས་ཀྱི་གླུ་གཞས་གྲགས་ཅན་“གྲོང་གསེབ་ཀྱི་ལམ།  ང་རང་ཕྱིར་ཕ་ཡུལ་དུ་འཁྲིད་རོགས་” ཞེས་པ་བཀོད་ཡོད་པ་དང་མཉམ་དུ་གླུ་ཚིག་ཀྱང་བོད་སྒྱུར་བྱས་པ་མཉམ་དུ་བཀོད་འདུག་པས་ན་ཐེངས་མང་ཉན་པས་སེམས་སུ་ཚད་མེད་པའི་སྐྱོ་བ་དང་དྲན་གདུང་འཕེལ་བར་བསྐྱེད།
མི་ལོ་ཧྲིལ་པོ་བཅུ་ལྷག་ཅིག་ལ་ཕ་ཡུལ་མ་མཐོང་ཞིང་ཕ་མ་དང་སྤུན་མཆེད་ཚོ་དང་མ་མཇལ་བ་དང་ཤིན་དུ་སྙིང་ཉེ་བའི་ཡུལ་མི་སྤུན་ཟླ་ཚོ་དང་བྲལ་བའི་ཕྱིར་དྲན་ཁྲོད་ནས་ད་གཟོད་ཕ་ཡུལ་ཞེས་པ་ནི་དངོས་གནས་གང་གིས་ཀྱང་མཚོན་པར་མི་ནུས་པའི་སྲོག་ལྡན་སེམས་ཅན་རེ་རེའི་མཐར་ཐུག་གི་མཛའ་བརྩེ་ཡིན་པ་བསྙོན་ཏུ་མེད་དོ་སྙམ།
ཇོན་སྒྲན་བཱུར John Denver ལགས་ཀྱི་“Country road གྲོང་གསེབ་ཀྱི་ལམ།   Take me home ང་རང་ཕ་ཡུལ་ལ་འཁྲིད་རོགས།  Life is oldthere,དེ་ན་འཚོ་བ་རྙིང་བ་ཡོད།  older than trees སྡོང་པོ་ལས་ཀྱང་རྙིང་བ་ཡོད། " ཅེས་པའི་ཚིག་དོན་རེ་རེ་ཡིད་ཀྱི་གཏིང་ལ་འཛུལ་ཞིང་མཐའ་མེད་པའི་དྲན་གདུང་ཟབ་མོས་ང་རང་གཏིང་ནས་བརྣངས་བར་བསྐུལ།  
ངས་ཨོ་གླིང་གི་འཛམ་གླིང་ཡུལ་སྐོར་སྤྲོ་འཆམས་ཀྱི་ལྟེ་བ་ཨང་གསུམ་པར་གྱུར་བའི་གནས་མཆོག་རི་སྔོན་པོ་བརྗོད་བྱར་བྱས་ཏེ་བྲིས་པའི་སྙན་ངག་“སྐྱེས་ལྷ་རྙིང་བ་རི་སྔོན་པོ།”ཞེས་པ་ལས། “བརྩེ་དུང་མེད་ཀྱང་དྲན་གདུང་ལྕི་བའི་རི་སྔོན་པོ།ང་ལ་མནར་གཅོད་མ་གཏོང་།  རི་བོ་ལྕམ་གསུམ་ནས་ང་ཡིས་ལྷ་བསངས་མི་གཏོང་། རྒྱུས་མེད་ཀྱི་སྡོང་རྒན་རྙིང་བ་འདི་ཚོས།  ང་ལ་བརྩེ་དུང་གནང་མ་སོང་།”ཞེས་སེམས་ཁམས་ཧྲིལ་བོས་ཐག་རིང་གི་མཛའ་བརྩེ་མཚོན་པར་བྱས་ཤིང་ས་མཐའ་ནས་ཆ་མེད་ཀྱི་ཅ་དངོས་གསར་པ་གཅིག་ལ་ཡང་གཏིང་ཟབ་པའི་བརྩེ་དུང་ཆགས་རྒྱུ་མེད་པའི་ནང་སེམས་ཀྱི་ཁྲེལ་གཞུང་མཚོན་པར་བྱས་པས། ཇོན་སྒྲན་བཱུར་ལགས་ཀྱི་“གྲོང་གསེབ་ཀྱི་ལམ”་ཞེས་པས་ང་ལ་མཐའ་མེད་པའི་བརྩེ་དུང་དང་མཛའ་བརྩེ་བསྩལ་བར་བྱིན་རླབས་གནང་བྱུང་།   
འདི་ལྟར་བསམ་གཞིགས་རིང་མོའི་གཏིང་དུ་འཛུལ་ཏེ་ཕ་སྐད་ཀྱི་ཉིན་ཐོ་ལྟ་བུའི་རྩོམ་ཡིག་འདི་བྲིས་ཏེ་མཚམས་འདིར་ཐོན་དུས་ང་རང་གཞི་ནས་ཐང་ཆད་ཡོད་པ་ཚོར།ད་དུང་འགྲམ་གྱི་འཚིག་ཇ་ཡང་གྲང་མོ་ཆགས་ཟིན་པ་ཤེས།འོན་ཀྱང་། སྔར་ལྟར་མཚེའུ་འགྲམ་འདི་རུ་གཅིག་པུར་བསྡད་ནས་ཤིན་ཏུ་དྲོ་ཞིང་ལྷིང་འཇགས་པའི་ཉི་འོད་དང་རྒྱང་རིང་གི་གནམ་མཐར་ཁ་འཁོར་ཏེ། བསྐྱར་དུ་ཇོན་སྒྲན་བཱུར་ལགས་ཀྱི་གླུ་གཞས་གྲགས་ཅན་“གྲོང་གསེབ་ཀྱི་ལམ།  ང་རང་ཕ་ཡུལ་ལ་འཁྲིད་རོགས"ཞེས་པར་ཚར་གཅིག་ཉན་རྗེས་ག་ལེར་ནང་དུ་ལོག་འགྲོ།།  
 

2/7/2021 ཉིན་བྲིས།

4/7/2021 ཉིན་བཅོས་ཏེ་སྤེལ།





Image


You Are My Sunshine

 

Image

འོར་ཀློག་དང་བསྐྱར་ཀློག
Image

བརྩམས་སྒྲུང་།

བཀྲ་བྷའི་བརྩམས་སྒྲུང་གསར་པ། ཕ་ཝང་།

རྩོམ་པ་པོ་བཀྲ་བྷའི་སྒྲུང་གཏམ་གསར་པ《མེ》

བཀྲ་ཤིས་ཞེས་པའི་ཁྱི་རྒན་ཞིག་རྗེས་སུ་དྲན་པ། སྒོ་མེ་ཚེ་རིང་བཀྲ་ཤིས

སྒྲུང་ཐུང་ཡིག་བརྒྱ་མ། འཆི་བདག་གི་མིག སྙན་བུ། <སྒྲ་ལྡན།>

Image

སྙན་ངག

ཚྭ་ཡི་སྙན་ངག ལོག་ས་མེད་པའི་མགྲོན་པོ།<ཞར་བཀོད་ལྔ>
འོས་སྦྱོར།  མདའ་བཙན་པོའི་སྙན་ངག་གསར་པ་བདུན།
མདོ་སྨད་ཧེ་རུ་ཀའི་གསར་བྲིས་སྙན་ངག་བརྒྱད།
ཉྭ་སྲིན་པོའི་གསར་བྲིས་སྙན་ངག་གསུམ།
ཐོ་ཡོར་གྱི་གསར་བྲིས་སྙན་ངག་བཞི།
ཁྱོད་ཚོ་ནི་རུས་རྒྱུད་བོར་བའི་རྨ་ཁ་ཡིན་སྲིད། ངལ་རྫི།
༢༠༢༠ལོའི་སྙན་ངག་བདམས་བཀོད། སྙན་བུ།
Image

དཔྱད་རྩོམ།

ཕར་རྒྱབ་ཀྱི་ལོ་ཟླ་དང་འབྲེལ་བའི་གཏམ། བྱ་གཞུང་དབྱངས་བྷ།
ཕར་རྒྱབ་ཀྱི་ལོ་ཟླ་ཡི་གླེང་གཞི། རེ་རྐང་གླིང་།
སྙན་ངག་མི་དང་གངས་རི་ལ་དཔྱད་པ། མདོ་སྨད་ཧེ་རུ་ཀ
Image

ལྷུག་རྩོམ།

ཨ་ཕ་ལགས་ཀྱིས་ང་ལ་རེ་བ་གཉིས་མ་གཏོགས་བཅངས་མ་མྱོང་། སྙན་བུ།
དེ་རིང་ཡང་།ཨ་མ་ལགས་རང་གི་སྡུག་བསྔལ་གྱི་ནང་དུ་ཙོག་འདུག སྙན་བུ།
རྣམ་རྒྱལ་སྒྲོལ་མའི་ལྷུག་རྩོམ་གསར་པ་གཉིས།
གསའ་ནག་པོའི་ལྷུག་རྩོམ། 「རྨོ་མོ་དང་ཁ་བ།」
Image

བསྒྱུར་རྩོམ།

རྩོམ་པ་པོ་ཆེན་པོར་གྱུར་བའི་ལམ་གྱི་རིམ་པ། ཉྭ་སྲིན་པོས་བསྒྱུར།
སཱ་ཐིས་ནོར་པེལ་གཟིགས་བཟོས་དང་ལེན་མ་བྱས་པའི་གསལ་བསྒྲགས།
ཁྱེད་རང་ངོ་མི་ཤེས་པའི་ཡར་སྔོན་དུ། སྙན་བུས་བསྒྱུར།
དོན་དམ་དུ་རྟ་ཕོ་ཡང་མ་ཡིན་ཏེ། ཀ་ལ་པིང་ཀས་བསྒྱུར།

Image


Image

སྤྱི་སྟེགས་ལ་དོ་ཁུར་གནང་རོགས།

  主编微信:INianBu
  主编微博:念布_



Modified on 2021/07/06