གཙོ་ངོས།>> ཞིབ་འཇུག>>ལོ་རྒྱུས།

དུང་དཀར་བློ་བཟང་འཕྲིན་ལས། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས། 《དུང་དཀར་ཚིག་མཛོད།》 རྩོམ་སྒྲིག་པ། སྤེལ་དུས། ༢༠༡༦ལོའི་ཟླ་བ་༠༢ཚེས་༢༩ཉིན།

༄༅།། ཏ་ཟིག་ནོར་གྱི་རྒྱལ་པོ།

  (སྟག་གཟིག)(ཏཱ་སིགབོད་ཡིག་གི་དཔེ་དེབ་མང་པོ་ཞིག་གི་ནང་དུ་ཏཱ་སིག་ནོར་གྱི་རྒྱལ་པོའམ་སྟག་གཟིག་ནོར་གྱི་རྒྱལ་པོ་ཞེས་འབྲི་སྟངས་མི་འདྲ་བ་གཉིས་འདུག གང་ལྟར་ཡང་དེ་ནི་ཐོག་མར་ནི་ཨ་ལ་པོ་ཕྱེད་གླིང་གི་ཤར་ཕྱོགས་ཧྲ་ཐེ་ཨ་ལ་པོ་ཟེར་བ་དེ་ཡིན་ཅིང་། པོ་སི་རྒྱ་མཚོའི་ནུབ་ཕྱོགས་སུ་གནས་ཡོད།དུས་རབས་བདུན་པའི་ནང་དབྱི་སི་ལན་གྱི་ཆོས་ལུགས་གསར་གཏོད་མཛད་པ་པོ་མོ་ཧན་མུ་ཏེ་དང་རྗེས་འབྲངས་པ་ཁག་གཅིག་གིས་ཨ་ལ་པོའི་རུས་རྒྱུད་ཚོ་བ་ཁག་མཉམ་འབྲེལ་བྱེད་རྒྱུའི་བསམ་བློའི་རྨང་གཞི་བཏིང་། མོ་ཧན་མུ་ཏེ་འདས་པའི་རྗེས་སུ་རིང་བོར་མ་སོང་བར་ཨ་ལ་པོ་རུས་རྒྱུད་ཚོ་ཁག་གཅིག་གྱུར་གྱི་རྒྱལ་ཁབ་བཙུགས་པ་ནི་རང་རྒྱལ་གྱི་ལོ་རྒྱུས་ཐོག་ཏཱ་སིག་རྒྱལ་ཁབ་ཟེར་བ་དེ་ཡིན། དུས་རབས་བརྒྱད་པའི་དུས་དཀྱིལ་དུ་ཨ་ལ་པོ་རྒྱལ་ཁབ་དེ་ཁ་བྲལ་ནས་ཤར་ནུབ་རྒྱལ་ཁབ་གཉིས་སུ་གྱུར་ཏེ་ཤར་ཕྱོགས་ཀྱི་རྒྱལ་ཁབ་དེའི་རྒྱལ་ས་ནི་པ་ཀེ་ཏཱ་དེང་སང་གི་དབྱི་རག་གི་རྒྱལ་ས།ལ་བཙུགས་པ་དེ་ནི་གོས་ནག་ཏཱ་སིག་ཟེར་ཞིང་། ནུབ་ཕྱོགས་སུ་བཙུགས་པའི་རྒྱལ་ཁབ་དེའི་རྒྱལ་ས་ནི་སི་ཕེན་ཀེར་གྱི་ཏོ་ཝ་ཡིན་པ་དང་། དེ་ལ་གོས་དཀར་སྟག་གཟིག་ཟེར། རང་རྒྱལ་གྱི་མཁས་དབང་འགའ་རེས་གསུངས་དོན། རྒྱལ་པོ་སྲོང་བཙན་སྒམ་པོའི་དུས་ནས་བོད་དང་འབྲེལ་བ་ཡོད་པའི་སྟག་གཟིག་དེ་ནི་གོས་དཀར་སྟག་གཟིག་ཡིན་པ་དང་།ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ།དུམ་བུ་དང་པོའི་དོན་ཚན་83པར་གསལ་བའི་ཏཱ་སིག་ནི་གོས་ནག་ཏཱ་སིག་ཡིན། གོས་ནག་ཏཱ་སིག་གི་སྟོབས་ཤུགས་རྒྱ་བསྐྱེད་བྱུང་ནས་རང་རྒྱལ་གྱི་ནུབ་ཕྱོགས་ས་ཁུལ་དང་ཁྱིམ་མཚེས་ཆགས་སྐབས་དུའུ་ཅིས་ཧྲེ་དང་ས་འབྲེལ་དུ་གནས་པ་དང་འགལ་ཟླ་བྱུང་།བོད་དང་དུའུ་ཅིས་ཧྲེ་འབྲེལ་བ་དམ་ཟབ་བྱུང་བའི་གོ་སྐབས་དང་བསྟུན་ཏེ། བོད་ཀྱིས་ནུབ་ཕྱོགས་སུ་རྒྱ་བསྐྱེད་བྱེད་འདོད་ཡོད་པའི་དབང་གིས་ཏཱ་སིག་དང་དང་མི་མཐུན་པར་གྱུར་ཏེ།ཀྲན་ཡོན་ཁྲི་ལོའི་དུས་སུ་བོད་དང་ཏཱ་སིག་བར་དམག་འཁྲུག་རྒྱུན་རིང་དུ་བྱུང་མྱོང་ཞིང་། གེ་སར་སྒྲུང་གི་ཏཱ་སིག་གཡུལ་འགྱེད།ཅེས་པ་དེ་ཡང་དོན་དངོས་ཀྱི་གནས་ཚུལ་དེ་གཞིར་བཟུང་ནས་བརྩམས་པ་ཡིན་གསུངས་པ་དེར་རྒྱུ་མཚན་ཆེན་པོ་ཡོད་པ་ཞིག་ཡིན །དེ་ཡང་ཁོ་བོའི་བསམ་པར་དབྱི་ལང་ཡང་སྐབས་དེར་ཨ་ལ་པོའི་སྟོབས་ཤུགས་ཀྱི་འོག་ཏུ་ཚུད་ཟིན་སྟབས་རང་རྒྱལ་དང་ཁྱིམ་མཚེས་སུ་གྱུར་པའི་གོས་ནག་ཏཱ་སིག་གི་ཁོངས་སུ་གཏོགས་པ་ཡིན་ནམ་སྙམ་སྟེ་དཔྱད་པར་ཞུ། གཞན་དཔའ་བོ་གཙུག་ལག་གིས་བརྩམས་པའི་ཆོས་འབྱུང་མཁས་པའི་དགའ་སྟོན།ལྕགས་དཔར་མ་སྨད་ཆའི་ཤོག་གྲངས་1412ནས་1413པ་ལས། དེ་ཡང་གསུང་རབ་རྣམས་ལས་ཧོར་ཡུལ་ཞེས་པའི་མིང་དངོས་སུ་མི་གསལ་ཡང་སྤྱོད་པ་དང་ཆ་ལུགས་སོགས་ཀླ་ཀློ་སྟག་གཟིག་པ་དང་རྗེས་སུ་མཐུན་པས་ཏུ་རུ་ཥྐ་ཞེས་སམ་སྟག་ཟིག་པ་ཞེས་པའི་ཕྱོགས་སུ་གཏོགས་ལ།སྟག་གཟིག་པའི་ཡུལ་གྱི་གཙོ་བོ་ནི། རྒྱ་གར་གྱི་ནུབ་ཕྱོགས་མ་ཁ་དང་མོ་གོལ་སོགས་ཡིན་ལ།རྒྱལ་པོ་ཧུ་ལས་བཟུང་བ་སྟོད་བྷ་ཏད་བྷ་དག་ཤེན།ཀྱི་ཡུལ་ལ་སྟོད་ཧོར་དུ་གྲགས་ཤིང་། དེའི་དམག་ནུབ་ཕྱོགས་ཨོ་རྒྱན་སོགས་སུ་ལྷགས་པ་ལ་མོ་གོལ་གྱི་དམག་ཏུ་གྲགས་པས་སྟག་གཟིག་པར་ཤིན་ཏུ་གསལ།ཞེས་དང་། པཎ་ཆེན་ཨེར་ཏི་ནི་སྐུ་ཕྲེང་དྲུག་པའི་ཤམ་བྷ་ལའི་རྣམ་བཤད།》《ཤམ་བྷ་ལའི་ལམ་ཡིགཤོག་གྲངས8པ་ལས། རྒྱ་སེར་ཞེས་དེང་སང་ཨུ་རོ་སུར་དེའི་སྔའི་སུའུ་ལེནགྲགས་པ་ཏ་ཟིག་པ་ཡིན་པར་བཤད་པ་གཉིས་ཅུང་ཟད་མི་མཐུན་པ་འདུག ངས་མཐོང་བའི་བོད་ཡིག་གི་དཔེ་དེབ་མང་པོ་ཞིག་གི་ནང་ཏཱ་སིག་ནོར་གྱི་རྒྱལ་པོའམ་ཏཱ་ཟིག་ནོར་གྱི་རྒྱལ་པོ་ཞེས་བྲིས་པའང་འདུག་ཅིང་། སྐབས་རེ་སོག་པོ་པར་པར་སིག་སིག་པ།ཞེས་བྲིས་པ་དང་། ཡང་སྐབས་རེ་སོག་པོ་པར་སིག་ཞེས་བྲིས་ཡོད་པ་དེ་ནི་དེང་སང་རྒྱ་སྐད་དུ་པོ་སི་ཞེས་བྲིས་པ་འདི་དང་གཅིག་མཚུངས་ཡིན་པ་བཅས་གཞིར་བཟུང་ན། བོད་དང་འབྲེལ་བ་ཆེ་བའི་ཏཱ་སིག་ནི་དབྱི་ལང་རྒྱལ་ཁབ་ཡིན་ཏེ། རྒྱུ་མཚན་གང་ལགས་ཞེ་ན། ཐང་རྒྱལ་རབས་ཀྱི་གོང་མ་ཐང་ཐའེ་ཙུང་གི་ཁྲིན་ཀོན་ཁྲི་ལོ་བཅུ་དྲུག་642ལོར་ཏཱ་སིག་ཨ་ལ་པོའི་རྒྱལ་ཁབ་ཀྱི་དམག་དཔུང་གིས་དབྱི་ལང་ལ་བཙན་འཛུལ་དམག་འཁྲུག་བསླངས་པའི་ནང་དབྱི་ལང་ཕམ་སྟེ། དེ་ནས་བཟུང་ཡོན་རྒྱལ་རབས་ཀྱི་གོང་མ་ཆིང་གེར་ཧན་གྱིས་དབྱི་ལང་དབང་བསྒྱུར་མ་བྱས་བར་དུ་དབྱི་ལང་དེ་ཏཱ་སིག་ཨ་ལ་པོའི་རྒྱལ་ཁབ་ཀྱི་དབང་བསྒྱུར་འོག་ཏུ་གནས་ཡོད་པར་བརྟེན། རྒྱ་ཡིག་གི་ཀྲུང་གོའི་ལོ་རྒྱུས་དང་སུང་རྒྱལ་རབས་ཀྱི་ལོ་རྒྱུས་ནང་དབྱི་ལང་དེ་ཏཱ་སིག་གི་ཁོངས་སུ་བྲིས་ཡོད་པ་རེད། ཡང་རྒྱ་གར་གྱི་ལོ་རྒྱུས་དང་བོད་ཡིག་གི་སྐར་རྩིས་ཀྱི་གཞུང་ཁག་གཅིག་གི་ནང་གསལ་བའི་ཏཱ་སིག་དུ་རུ་ཀ༔དང་། རྒྱ་གར་ནུབ་ཕྱོགས་མ་ཁའི་ཡུལ་དུ་སྟག་གཟིག་ཀླ་ཀློའི་ཆོས་ལུགས་ཐོག་མར་བྱུང་ཟེར་བ་དང་། སྟག་གཟིག་དུ་རུ་ཀ༔དམག་དཔུང་གིས་རྒྱ་གར་དང་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དེང་སང་གི་ཨ་ཧྥུ་ཧནསོགས་བཟུང་ནས་སངས་རྒྱས་ཆོས་ལུགས་བསྣུབས་ཞེས་གསལ་བའི་སྟག་གཟིག་ནི་ཨ་ལ་པོའི་རྒྱལ་ཁབ་ལ་ངོས་འཛིན་དགོས་པ་བཅས་སོ།། 

        《དུང་དཀར་ཚིག་མཛོད།》ལས་བཤུས།


39.7K

རྩོམ་ཡིག་རྗེས་མ།

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1