གཙོ་ངོས།>> དམངས་སྲོལ།>>དམངས་རྩོམ།

རྩོམ་སྒྲིག་པ།སྒྲོལ་མ་ཚེ་བརྟན།ཡོང་ཁུངས།དམངས་ཁྲོད། སྤེལ་དུས། ༢༠༡༤ལོའི་ཟླ་བ་༠༦ཚེས་༡༨ཉིན།

མཛེས་མ་ཨིན་ཌ་ནཱིའི་གཏམ་རྒྱུད།



སྔོན་བྱ་འགག་གི་གནས་བྱ་བའི་ཡུལ་ཞིག་ཏུ་དེད་དཔོན་ཆེན་པོ་དཔལ་རྒྱས་བྱ་བ་ཞིག་ལ་རང་གི་སྲོག་དང་འདྲ་བར་བརྩེ་བའི་ཆུང་མ་ལེགས་མཛེས་བྱ་བ་ལང་ཚོ་ལྡན་ལ་ལུས་སེམས་ཤིན་ཏུ་བཙང་བ་ཞིག་ཡོད། ནམ་ཞིག་ཆུང་མའི་མངལ་དུ་སྲིད་ཆགས་བཞིན་པ་ལ་དེད་དཔོན་གྱིས་རྒྱ་མཚོར་སོང་ནས་རིན་པོ་ཆེའི་རིགས་ལེན་སྙམ་སྟེ་ཆུང་མ་ལ་སྨྲས་པས་ཆུང་མས་འབྲལ་བར་མ་བཟོད་ནས་ད་ལྟ་རང་རེ་ལ་ཟས་ནོར་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཡོང།  ད་དུང་མི་འཕེལ་བའི་སྡུག་བསྔལ་ཡང་མེད།  རྒྱ་མཚོ་ལ་སོང་བ་ནི་བྲག་རི་དང་ཆུ་སྲིན།  ཉ་ཆེན།  རྦ་རླབས།  རླུང་ཆེན་ལ་སོགས་པ་འཇིགས་པའི་འཕྲང་དུ་སོང་བ་ཡིན་པས་ནོར་རྫས་དང་བཅས་ཚུར་འཁོར་བ་སླ་བ་མ་ཡིན་པར་རང་གི་ སྲོག་ཀྱང་བརླག་པ་སླ་བ་ཡིན།  གཅིག་ཏུ་བདག་ལ་འང་མངལ་ཆགས་ནས་ཡོད་པས་འབྲལ་བར་མ་བཟོད། གཉིས་སུ་ནོར་གྱི་དོན་དུ་གནོད་མང་བའི་དཔེ་དུ་མ་འདུག་པས་ཅི་ནས་ཀྱང་མ་བྱོན་ཞེས་ནན་གྱིས་བཀག་པ་ལ། དེད་དཔོན་གྱིས་མ་ཉན་ནས་ནོར་སྒྲུབ་པ་ཕོ་རྒྱས་ཡིན། ནོར་སྒྲུབ་མི་ནུས་པར་བདེ་བར་བསྡད་ན་ལོངས་སྤྱོད་ནི་ཟད་འགྲོ་བ་ཡིན། ནོར་མེད་ན་ཀུན་གྱིས་སོག་ལེ་ལྟར་རྩུབ།  ནོར་ཡོད་ན་ཡུལ་བྱེས་གང་དུ་ཀུན་གྱིས་བྱམས། རྨོངས་པ་ཡིན་ཡང་མཁས་པས་ཕྱག་བྱེད། རྒད་ཀྱང་བུ་མོ་རྣམས་ཀྱི་ཡིད་དུ་འོང་། མ་ནིང་ཡིན་ཀྱང་དཔའ་རྩལ་ཅན་དུ་བརྩི།  
ཡོན་ཏན་མེད་ཀྱང་ཡོན་ངུ་བཀུར། ནོར་མེད་ཡོན་ཏན་ཡོད་ཀྱང་མཐོང་མི་འགྱུར། ནོར་ནི་ཡོན་ཏན་ཀུན་གྱི་སྲོག་རྩ་ཡིན་སོགས་སྲོག་ལས་ནོར་ལྷག་པའི་གཏམ་མང་པོ་སྨྲས་ནས་ཆུང་མ་ཡང་འཁྲིད་དེ་རྒྱ་མཚོར་ཞུགས། སོང་བའི་མོད་ལ་རྒྱམཚོའི་ནང་དུ་གཟིངས་ཞིག་པས་དེད་དཔོན་འཁོར་དང་བཅས་པ་ཆུར་ནུབ་ནས་ཤི། ལས་ཀྱི་དབང་གིས་ཆུང་མ་ལེགས་མཛེས་མ་ཤིང་དུམ་ཞིག་ལ་འཇུས་ཏེ་མ་ཤི་པར་ཉེ་ས་ར་ཞེས་པའི་གླིང་ཕྲན་ཞིག་ཏུ་སླེབས།  དེར་མགོན་མེད་ཟས་མེད་དུ་མྱ་ངན་གྱིས་གདུང་ནས་གནས་པ་ལ་ཁྱུང་གི་རིགས་ལས་སྐྱེས་པའི་བྱ་སྐྱེས་བུའི་དབྱིབས་ཅན་བྱད་ལེགས་ལེགས་ཟེར་བ་ཞིག་དང་འཕྲད།  ཁོས་མཛེས་མ་ཁྱོད་ང་ལ་འཇིགས་མི་དགོས། ང་ནི་མིའི་ཡོན་ཏན་དང་ལྡན་པ་ཞིག་ཡིན་པས་ངས་ཁྱོད་ཀྱི་འདོད་དོན་སྒྲུབ་ཟེར་ནས་རིན་པོ་ཆེའི་ཁང་པར་འཁྲིད་ནས་བདེ་བར་བསྐྱངས། དེ་ནས་ལེགས་མཛེས་མའི་མངལ་གྱི་ཟླ་དུས་རྫོགས་པས་བུ་ཡོན་ཏན་དང་ལྡན་པ་དབྱིབས་ཕ་དཔལ་རྒྱས་དང་འདྲ་བ་མཛེས་པ་ཞིག་སྐྱེས་པས་གཉིས་ཀས་ཤིན་ཏུ་གཅེས་པར་བསྐྱངས།  རྗེས་སུ་ལེགས་མཛེས་མ་དང་འདབ་ཆགས་བྱས་ལས་རོལ་བ་ལས་གཞོན་ནུ་མཛེས་པ་ཕ་དང་མཚུངས་པ་ཞིག་སྐྱེས་པས།མིང་ལ་པད་མའི་འཛུམ་ཞེས་བཏགས།  དེ་ཆེར་ལོངས་པའི་ཚེ་ཕ་འདབ་ཆགས་རྒྱལ་པོ་བྱད་ལེགས་ཀྱང་འཇིག་རྟེན་གཞན་དུ་འཕོས། བུ་འདབ་ཆགས་པད་མའི་འཛུམ་ལ་ཕའི་དབང་འབྱོར་ཐམས་ཅད་ཐོབ།  དེའི་ཚེ་མ་ལེགས་མཛེས་ཀྱིས་གཞན་མེད་པའི་སར་བུ་པད་མའི་འཛུམ་ལ་ཁྱོད་ནི་རྩལ་དང་ལྡན་པའི་ཁར་མངའ་ཐང་ཡང་དེ་ལྟར་ཐོབ། ཁྱོད་ཀྱི་ཕུ་བོ་དེད་དཔོན་གྱི་བུ་འདི་ལ་སྐལ་བ་གང་ཡང་མེད། ཁྱོད་སྟོབས་དང་ལྡན་པས་ཕུ་བོ་ནམ་མཁའ་ལ་འཁྱེར་ནས་ཡུལ་བྱ་འགག་གི་གནས་སུ་བབས་ཏེ་རྒྱལ་པོ་ལ་འགོད་ཐུབ་པ་ཞིག་གྱིས་ཟེར་བས་པད་མའི་འཛུམ་གྱིས་ཕུ་བོ་ཕྲག་པ་ལ་འཁྱེར་ནས་ནམ་མཁའ་ལ་བསྐྱོད་དེ་ཡུལ་བྱ་འགག་གི་གནས་སུ་བབས།  རྣོ་ངར་རྡོ་རྗེའི་སྡེར་མོ་དེ་ཡུལ་བྱ་འགག་གི་རྒྱལ་པོ་དཔལ་སྦྱིན་ལ་བཏབ་ནས་བསད།  བློན་པོ་རྣམས་ལ་རང་གི་ཕུ་བོ་ཁྲི་ལ་བཞག་སྟེ་རྒྱལ་སར་དབང་བསྐུར་ནས་བཀུར་སྟི་མ་ཞུས་ན་ཁྱོད་རྣམས་ཀྱང་རྒྱལ་པོ་དཔལ་སྦྱིན་དང་འདྲ་བ་ཡིན་ཟེར་བས་བློན་པོ་རྣམས་སྐྲག་སྟེ་གཞན་དུ་རྒྱལ་པོ་དཔལ་སྦྱིན་ཡིན་པ་ལྟར་བྱས་ནས་སྲི་ཞུ་དང་བཅས་རྒྱལ་པོར་ལེགས་པར་བཀུར།  
དེའི་ཚེ་རྒྱལ་པོའི་གླང་མོ་སྦྲུམ་མ་ཞིག་ལ་ཕྲུ་གུ་སྐྱེས་པ་ཕྱེད་ཐོན་ཕྱེད་མ་ཐོན་པར་ཡོད་པ་ལ།  རྒྱལ་པོས་བློན་འབངས་རྣམས་ལ་ཐབས་དྲིས་པས་རྩིས་པ་རྣམས་ཀྱིས་རང་གི་བཟའ་མི་མ་གཏོགས་སྐྱེས་པ་གཞན་གྱི་གྲིབ་མ་ཕོག་པའི་བུད་མེད་ཚུལ་ཁྲིམས་དག་པ་ཞིག་གིས་བདེན་ཚིག་བརྗོད་ནས་ལག་པས་རེག་ན་གླང་མོ་དེའི་མངལ་བདེ་བར་གྲོལ་ཞེས་ལུང་བསྟན།  དེར་རྒྱལ་པོས་བཀའ་གནང་བས་རྒྱལ་པོའི་བཙུན་མོ་སོགས་ཕོ་བྲང་ཉེ་འཁོར་གྱི་བུད་མེད་རྣམས་ཀྱིས་བདེན་པ་བརྗོད་ཅིང་ལག་པས་རེག་ཀྱང་གླང་མོའི་མངལ་མ་གྲོལ་བར།  བ་གླང་རྫི་མོ་ཞིག་གིས་བདེན་ཚིག་བརྗོད་ནས་ལག་པས་རེག་པས་གླང་མོའི་མངལ་བདེ་བར་གྲོལ་བས་རྒྱལ་པོའི་ཐུགས་ལ་རང་གི་བཙུན་མོ་སོགས་བུད་མེད་ཐམས་ཅད་ཚུལ་ཁྲིམས་མི་དག་པར་འདུག་དགོངས་ནས་ཐུགས་མ་བདེ་ཡང་བ་གླང་རྫི་མོ་དེ་ཚུལ་ཁྲིམས་དག་པར་གཟིགས་ནས་ཐུགས་མགུ་སྟེ་དེའི་བུ་མོ་ཨིན་ཌ་ནི་བྱ་བ་རང་གི་བཙུན་མོར་བླངས།  དེ་ཡང་གཡོ་མཁས་ཤིང་ཤིན་ཏུ་མཛེས་པས་རྒྱལ་པོ་དོགས་པ་ཆེར་སྐྱེས་ཏེ་གཉིད་ཀྱང་མི་ཁུག  དེའི་ཚེ་ནུ་བོ་འདབས་ཆགས་པད་མའི་འཛུམ་ཕུ་བོ་ལ་བལྟ་བར་ཡོང་ཞིང་ཕན་ཚུན་མཛའ་བའི་བསྙེན་བཀུར་བྱས། དེར་ཕུ་བོས་གོང་གི་ལོ་རྒྱུས་རྣམས་ནུ་བོ་ལ་བཤད་དེ་ད་ནས་བདག་གི་མཛེས་མ་འདི་ཁྱོད་ཀྱིས་ཉིན་རེ་བཞིན་མི་མེད་ཀྱི་གནས་སུ་བསྐྱལ་ལ་མཚན་རེ་བཞིན་བདག་གི་གནས་སུ་བསྐྱལ་ན་བློ་བདེ་བར་འདུག་ཟེར་བས་ནུ་བོ་འདབས་ཆགས་ཀྱིས་དོགས་པ་དང་བཅས་ཕྲག་དོག་སེམས་ལ་གནས་ན་ཟས་ཀྱང་མི་ཞིམ་གཉིད་ཀྱང་མི་ཁུག  མི་རྗེ་བཟོད་དང་ལྡན་པ་དང་། ཕྱུག་པོ་ཞི་དུལ་ལྡན་པ་དགའ།  བུད་མེད་ཇི་ལྟར་ལེགས་ཀྱང་སྐྱོན་མེད་པ་རྙེད་དཀའ།  མེ་ཏོག་གི་རྩ་བ་ལ་འདམ་གྱིས་མ་འགོས་པ་མེད།  འོན་ཀྱང་ཕུ་བོས་གསུངས་པ་བཞིན་བདག་གིས་བྱེད་ཟེར་ནས་ཨིན་ཌ་ནི་ཕྲག་པར་འཁྱེར་ཏེ་ཉིན་རེ་བཞིན་ཀ་སེ་རུ་པའི་གླིང་དུ་བསྐྱལ་ནས་མེ་ཏོག་གི་ཚལ་དང་རྭ་བར་སྦས།
མཚན་རེ་བཞིན་རྒྱལ་པོའི་ཕོ་བྲང་དུ་བསྐྱལ།  དེའི་ཚེ་ཡུལ་མང་གཱ་བྱ་བ་ན་གཞོན་ནུ་ཤི་ལྷ་ཌ་བྱ་བ་གཅིག་ཡོད་པ་ནགས་ནས་ཡམ་ཤིང་ལེན་དུ་ཕྱིན་པས་བཙན་གྱི་བུ་མོ་མཛེས་མ་ཞིག་དང་འཕྲད་པ་ལ་ཕན་ཚུན་འདོད་པས་མནར་ཏེ་ཕུག་པ་ཞིག་ཏུ་རོལ།  དེ་ནས་བཙན་གྱི་བུ་མོས་ཤི་ལྷ་ཌ་ཕུག་པ་དེར་སྡོད་དུ་བཅུག་ནས་རྡོ་ཆེན་པོས་ཕུག་པའི་སྒོ་བསྒྲིབས་ཏེ་བཞག  ནམ་ཞིག་བུ་མོ་དེ་ལ་ཤི་ལྷ་ཌའི་བུ་ཞིག་སྐྱེས་པས་མིང་ཤི་ཙན་ཌར་བཏགས།  རྗེས་སུ་ཕ་ཤི་ལྷ་ཌའི་བུ་ཤི་ཙན་ཌར་རང་གི་ལོ་རྒྱུས་བཤད་པས་བུས་ཀྱེ་མ།  ཡབ་ཁྱོད་མཛེས་མར་ཆགས་པས་ལན།  རང་ཡུལ་དང་བྲལ་ནས་ལོང་བ་བཞིན་དུ་ཕུག་སྟོང་འདིར་སྡོད་དགོས་པ་ཉོན་རེ་མོངས།  ད་བདག་གིས་རྡོ་ཆེན་པོ་རྣམས་བསལ་ནས་རང་ཡུལ་དུ་སྐྱེལ་གྱི་ཡིན་ཟེར་ནས་མ་མེད་པའི་ཤུལ་དུ་གཉིས་ཀ་བྲོས་ནས་ཕྱིན།  ཅུང་སོང་ནས་མ་དེར་སླེབས་དུས་ཕུག་སྒོའི་རྡོ་རྣམས་བསལ་ཞིང་ཕུག་པ་སྟོང་པར་སོང་འདུག་པས་སྙིང་མ་དགའ་བཞིན་ཀྱེ་མ།  བདག་ལ་མཛའ་བ་བརྗེད་ནས་བྲོས་པར་བྱེད་པའི་གཞུང་ངན་དེ་གར་སོང་སོགས་སྐྱོ་བའི་སྨྲེ་

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1