མིའི་རིགས་ཀྱི་ཤེས་རིག་ཉམས་བཞེས་ཀྱི་ནོ་བཱེའི་སློབ་གསོ་གླེང་བ།

རྩོམ་པ་པོ།:ནག་ཀྱཱ་བ་ཤ་བོ་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-02-12 09:42:00 ཀློག་གྲངས།:

  ནོ་བཱེ་སྟེ་དབྱིན་ཇིའི་སྐད་དུThe Kingdom Norwayཟེར་བ་དེ་ནི་ཡོ་རོབ་བྱང་མའི་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་385155ཡོད་ཅིང་མི་གྲངས་ཁྲི427སྟེ། བོད་ལྗོངས་ལས་ཧ་ལམ་ས་ཁྱོན་ལྡབ3ལྷག་གི་ཆུང་བའི་རྒྱལ་ཁབ་ཅིག་ཡིན་ནའང༌། དེ་གར་གོ་ལའི་ཁྱོན་ན་གྲགས་ཆེ་བའི་ནའོ་པེར་ཨར་གྱི་བྱ་དགའི་གཟེངས་རྟགས་ཐོབ་པའི་མི8འདུག་པར་མ་ཟད། རྒྱལ་སྤྱི་མཉམ་འབྲེལ་ཚོགས་པས་ཀྱང་འཛམ་གླིང་གི་རྒྱལ་ཁབ162ལྷག་ལ་སྤེལ་བའི་མིའི་ཚེ་ཐག་རིང་བ་དང་སློབ་གསོའི་རྣམ་པ། ཆ་སྙོམས་ཀྱི་རྒྱལ་དམངས་དཔལ་འབྱོར་ཐོན་སྐྱེད་ཀྱི་སྤྱིའི་བསྡུར་ཚད་སོགས་གནས་བབས་ཕྱོགས་བསྡུས་དཔྱད་ཞུགས་སུ་ཆེས་མཐོ་བའི་སྐར་གྲངས939བླངས་པས། མིག་སྔར་འཛམ་གླིང་གི་མིའི་རིགས་ཀྱི་སྡོད་གནས་ཀྱི་གནས་བབས་ཆེས་ལེགས་པོའི་རྒྱལ་ཁབ་ཅིག་ཡིན་ལ། མིའི་རིགས་འཕེལ་རྒྱས་ཀྱི་གྲངས་འབོར་གྱི་ཆ་ནས་ཨང1ཟིན་པ་དང༌། རང་རེའི་རྒྱལ་ཁབ་ཀྱིས་ཨང85མ་གཏོགས་ཟིན་ཐུབ་ཀྱིན་མེད།  
  ལྷག་པར་དུ་ཡོ་རོབ་བྱང་མའི་ནོ་བཱེར་རྒྱལ་ཁབ་ལ་མིའི་རིགས་ཀྱི་ཤེས་རིག་གི་རྩི་བཅུད་གཞིབས་པའི་ཐད་ དུ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་རྩོལ་མེད་དུ་མངའ་བས། ཕོ་མོ་དང་ས་ཁོངས། མི་རིགས། རྒྱལ་ཁབ་སོགས་ཀྱི་དབྱེ་མཚམས་མེད་པར་འདྲ་མཉམ་སློབ་གསོའི་ལྟ་གྲུབ་ཚད་མར་འཛིན་པའི་གནས་སྟངས་ལ་གཞིགས་ཏེ།  རང་ཉིད་ཀྱིས་དཔྱད་བརྗོད་ཙམ་བགྱི་བར་བབས་བསྟུན་གྱི་གླེང་ཞིག་སློང་བར་བྱའོ།
  གཅིག  གུ་དོག་གི་བསམ་བློའི་འགག་རྒྱ་གཏོར་བ།
  སྤྱིར་བཏང་དུ་ནུབ་ཕྱོགས་ཀྱི་ཡུལ་གྲུ་ཁག་གི་སློབ་གསོ་ནི་དངོས་ཐོག་བདེན་འཚོལ་སྒོས་མི་གཞི་རྩ་རུ་བཟུང་སྟེ།ཐབས་བརྒྱ་ཇུས་སྟོང་གི་མིའི་རིགས་ཀྱི་འཇོན་ཐང་རླབས་པོ་ཆེ་སྔོག་འདོན་བྱེད་པའི་ཐད་ནས་གྲུབ་འབྲས་གཟེངས་སུ་མཐོ་བའི་ཡུལ་གྲུར་མཐའ་གཅིག་ཏུ་བགྲང་བཞིན་ཡོད། དེའང་གཙོ་བོ་སློབ་གསོའི་མ་ལག་སོ་སོ་ནས་སྤྱི་ཚོགས་ལ་རྒྱབ་ཀྱིས་མ་ཕྱོགས་པར་དཔེ་ཁྲིད་མི་སྐྱོང་བྱ་ཡུལ་གྱི་ཁྱབ་ཁོངས་ཁྲོད། འཛམ་གླིང་གི་ཡར་རྒྱས་དང་རྒྱལ་ཁབ་ཀྱི་དགོས་མཁོ། ས་གནས་དང་མི་སྒེར་གྱི་དངོས་དོན་ལ་དམིགས་བཙུགས་ཏེ་སློབ་ སྒྲུབ་ཀྱི་ཆ་རྐྱེན་དང་བསླབ་གཞིའི་བརྗོད་དོན། དགེ་རྒན་གྱི་སྤུས་ཀ སྤྱི་ཚོགས་ཀྱི་སྟོབས་ཤུགས། ཚན་རིག་གི་བདག་གཉེར་སོགས་ལ་འབྲེལ་བ་ཁ་ཚ་དགོས་གཏུགས་སུ་ཡོད་པ་ནི་སྨྲས་མ་དགོས་པ་ཞིག་རེད།
  མིའི་རིགས་ཀྱི་ཤེས་རིག་གི་རྩི་བཅུད་བསྡུ་ལེན་ཁྲོད། གུ་དོག་གི་བསམ་བློའི་འགག་རྒྱ་གཏོར་བ་ནི་ནོ་བཱེར་ སློབ་གསོའི་ཁྱད་ཆོས་ཆེས་བླ་ན་འཕགས་པ་ཞིག་ཡིན་པར་མཐའ་གཅིག་ཏུ་འདོད་དེ། ཕྱི་ཡུལ་གྱི་རྒྱལ་ཁབ་ མང་བོའི་སློབ་གསོའི་བྱ་བཞག་ཏུ། དགེ་རྒན་ནི་སློབ་མའི་སློབ་སྦྱོང་དང་འཚོ་བ། བསམ་སྤྱོད་སོགས་ཀྱི་སྣེ་ཁྲིད་མཁན་ཡིན་པ་ལས། སློབ་མའི་ཆུ་ཚོད་དང་རང་དབང༌། ལྟ་སྤྱོད་ལ་བཀག་སྡོམ་བགྱི་བའི་ཉེན་རྟོག་པ་ལྟ་བུ་ཞིག་གཏན་ནས་མིན། སྤྲོ་སེམས་དང་ཡིད་ཆེས། གསར་གཏོད་ཀྱིས་ཁེངས་པའི་སློབ་གསོ་ནི་ཁོ་རང་ཚོས་བརྩོན་ཞིབ་དང་དང་ལེན་བྱ་བཞིན་མཆིས་ལ། བརྩེ་སེམས་ཀྱི་དྲོད་ཁོལ་ལ་བརྟེན་ནས་མིའི་རིགས་ཀྱི་ཤེས་རྒྱུད་ཀྱི་ནུས་པའམ་འཇོན་ཐང་སྲིད་ན་དཀོན་པ་དེ་མ་བུ་ལྟ་བུའི་འབྲེལ་འདྲིས་ཁྲོད་གསར་འདོན་བྱས་ཤིང༌།ལྷག་པར་དུ་སློབ་མའི་སེམས་རྒྱུད་ཀྱི་ཡིད་ཆེས་ཟབ་མོ་སྟེ་༼དེ་ངས་ཀྱང་སྒྲུབ་ཕོད་༽ཅེས་པའི་རང་ཆེས་དང་རང་རློམ་གྱི་བསམ་བློའི་སྒོ་འཕར་ཡངས་པོར་ཕྱེས་ནས། བག་འཁུམས་དང་གུ་དོག་གི་བསམ་བློ་རྨག་མེད་དུ་བཏང་སྟེ་ དངོས་ཡོད་སྤྱི་ཚོགས་ལ་ཟབ་ཞུགས་བཟང་བོ་ཞིག་བགྱི་ཞོར། སློབ་མ་རང་ངོས་ནས་བྱ་དངོས་གང་ཞིག་ཡིན་ཀྱང་སྒྲུབ་ཕོད་པའི་མྱོང་ཚོར་ཟབ་མོ་དེ་དགེ་རྒན་གྱི་མཛུབ་སྟོན་དང་སློབ་མའི་ཉམས་མྱོང་ཁྲོད་སྐྱེད་བསྲིང་དང་དང་ལེན་བྱ་བཞིན་མཆིས།
  སློབ་གསོ་བྱ་བར་སློབ་མའི་གུ་དོག་གི་བསམ་བློའི་འགག་རྒྱ་གཏོར་བའི་ཁྱབ་ཁོངས་ཡངས་ཤིང་རྣམ་པ་རྒྱ་ ཆེ།  ནོ་བཱེར་རྒྱལ་ཁབ་ཀྱི་སློབ་ཚོགས་ཀྱི་དུས་ཚོད་ནི་ཞོགས་པའི་དུས་ཚོད་༨ལྷག་ཡིན་ལ།  ཕྱི་དྲོའི་དུས་ཚོད་༣ ཀྱི་སྟེང་དངོས་སུ་སློབ་གྲོལ་གཏོང་བཞིན་ཡོད། ཁོ་རང་ཚོས་སློབ་ཕྱིའི་དུས་ཚོད་བེད་སྤྱད་དེ་སློབ་མའི་དགའ་སྣང་དང་རང་རྟོགས། གསར་གཏོད། སྣ་མང་གི་རིག་གནས་གྲུབ་ཆ་ལ་འཚོལ་ཞིབ་དང་རོ་མྱོང་ཟབ་མོ་གནངས་བཞིན་ཡོད།    

  ང་ཚོ་ནང་བཞིན་ནངས་དགུང་མཚན་གསུམ་ལ་ཆོ་མདོག་མེད་པའི་སློབ་ཁྲིད་དང་བཙོན་མ་ལྟ་བུའི་རང་ སྦྱོང་སོགས་བཀོད་སྒྲིག་རབ་དང་རིམ་པ་བྱས་ཏེ། སློབ་མའི་རང་དབང་དང་ཡང་ན་ངལ་གསོའི་དུས་ཚོད་ ཀྱང་དགེ་རྒན་གྱིས་བཀག་སྡོམ་དང་བཙན་འཕྲོག་བགྱིས་ནས་སྡིག་དམོད་དང་ཟུར་ཟ།  གཅར་རྡུང་ཁྲོད་བསླབ་འབྲས་ལ་དམིགས་ཤིང་བསླབ་འབྲས་ཀྱིས་ཡོད་ཚད་ཚད་འཇལ་བྱེད་པའི་གུ་དོག་གི་ཁོར་ཡུག་ལས་འདས་ཏེ། ནོ་བཱེར་རྒྱལ་ཁབ་ཀྱི་སློབ་གྲྭ་དང་སློབ་ཁྲིད་ནི་དགའ་སྤྲོ་དང་ཡིད་ཆེས། རེ་སྨོན་གྱིས་ཁེངས་པའི་ཞིང་ཁམས་མཚར་བོ་ཞིག་ཏུ་མངོན་འགྱུར་བྱས་ཡོད།
  དཔེར་ན། ནོ་བཱེར་རྒྱལ་ཁབ་ཀྱི་ཨོ་སི་ལུའུ་སློབ་འབྲིང་དུ་སློབ་འགྲིམས་བྱེད་བཞིན་པའི་རང་རྒྱལ་གྱི་ཧྲང་ཧེ་ས་ཆའི་སློབ་མ8འདུག་པ་དེ་དག་ལ་གཅིག་ལས་གཅིག་ལྷག་སྒོས་དགའ་སྣང་ཟབ་མོ་ཞིག་ཁེངས་ཡོད་པར་མ་ཟད། ཁོ་ཚོས་བརྗོད་དོན། རྒྱལ་ནང་དང་བསྡུར་ན་འདི་གར་སློབ་སྦྱོང་བྱས་ན་ངོ་མས་སྤྲོ་སེམས་ཆེན་པོ་འདུག་ཅེས་པ་ལས་ཀྱང་དགེ་རྒན་དང་ཁྱིམ་བདག་སློབ་གྲྭ་བཅས་ཀྱི་སྒེར་གཅོད་ཀྱི་ཁྲིམས་ཁ་ན་བསམ་བློ་ ཁབ་མིག་ལྟར་གཅུན་ པའི་རང་རེའི་སློབ་མ་ལྟ་བུ་ཞིག་གཏན་ནས་མིན་པ་ཚོར་ཐུབ།
  མིག་སྔར་རྒྱལ་སྤྱིའི་འགྲན་ཞུགས་གང་མང་ཁྲོད་རང་རྒྱལ་གྱི་སློབ་མའི་སྐར་འབྲས་ལེགས་ནའང༌། དངོས་ ཡོད་འཚོ་བའི་ཁྲོད་གསར་གཏོད་ཀྱི་ནུས་པ་ཆ་ཙམ་མེད་པའི་གནད་ཀྱང་དེ་འདྲ་ཞིག་ལ་འཕྲད་ཡོད་པར་མཐའ་གཅིག་ཏུ་འདོད་དོ།
  གཉིས།  ཕྱི་ཡུལ་གྱི་སློབ་མ་དང་ལེན་བྱས་པ།
  ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་ཤེས་བྱ་བརྒྱུད་སྤྲོད་བྱས་ཏེ། མི་སྣ་འཇོན་ཐང་ཅན་སྐྱེད་བསྲིང་བྱེད་རྒྱུ་ནི་སློབ་གསོ་བྱ་བའི་ཁང་ཆེན་འདེགས་བྱེད་ཀྱི་གདུང་མ་ལྟ་བུ་ཡིན་ལ། རླབས་ཆེན་གྱི་གསེར་གདུང་ཆེན་པོ་འདི་ས་ཡི་གོ་ལའི་སྟེང་ནས་མི་ནུབ་རྟག་བརྟན་དུ་འདེགས་དགོས་ན། ཕྱི་ནང་གི་རྒྱུ་རྐྱེན་རྟེན་འབྲེལ་མང་བོ་ཞིག་ལ་མི་བརྟེན་ཐབས་མེད་རེད།ཡོ་རོབ་གླིང་གི་ནོ་བཱེར་ལྟ་བུའི་རྒྱལ་ཁབ་ལ་དགེ་རྒན་སྙོམས་སྒྲིག སློབ་གསོའི་དོ་དམ་དང་བསླབ་གཞི་འགྱུར་བཅོས། སྒྲིག་ཆས་དུས་བསྟུན། ཐབས་ལམ་གསར་གཏོད། འཇོན་མི་སྐྱེད་བསྲིངས།  གྲོན་དངུལ་མཁོ་སྤྲོད་སོགས་ནང་གི་རྒྱུ་རྐྱེན་མོད་པོ་འཛོམས་པའི་ཁར། ཕྱིའི་ཡུལ་གྲུ་ཁག་གི་སློབ་མ་མང་བོ་བསྡུ་རུབ་བགྱི་བའི་ཐབས་ལམ་གསར་གཏོད་གནངས་ཏེ། འཛམ་གླིང་གི་ས་གནས་དང་མི་རིགས། རྒྱལ་ཁབ་སོ་སོའི་ཕ་མེས་གོང་མ་རྣམས་ཀྱིས་ལོ་ངོ་སྟོང་ཕྲག་དུ་མའི་རིང་ལ་དཀའ་སྤྱད་དང་བརྩོན་ཞིབ་ཀྱིས་གསར་བསྐྲུན་མཛད་པའི་ཤེས་རིག་གི་དྭངས་མ་དང་སྤྱི་ཚོགས་ཀྱི་གནས་བབས། མི་བུའི་བསམ་སྤྱོད་སོགས་ཀྱི་སྙིང་བོ་དང་ལེན་བྱེད་བཞིན་ཡོད་པ་རེད།

  ནོ་བཱེར་རྒྱལ་ཁོངས་ཀྱི་སློབ་གསོའི་བྱ་བ་གཉེར་མཁན་ཞིག་གིས་བརྗོད་དོན། ཁོ་ཚོའི་རྒྱལ་ཁབ་ཀྱི་སྲིད་ ཇུས་ནི་ཕྱིའི་རྒྱལ་ཁབ་ཀྱི་སློབ་མ་མང་བོ་ནོ་བཱེར་སློབ་འགྲིམས་སུ་འོང་བར་སྟབས་བདེར་བཟོ་རྒྱུ་དེ་ཡིན་ཞེས་ཟེར། མིག་སྔར་ནོ་བཱེར་རྒྱལ་ཁོངས་སུ་ཕྱི་རྒྱལ་གྱི་སློབ་མ་སློབ་འགྲིམས་བྱེད་བཞིན་པའི་ཚད་གཞི25%ལ་སླེབས་པས། ཕྱི་རྒྱལ་གྱི་སློབ་འབྲིང་སློབ་མ་སློབ་འགྲིམས་ཀྱི་གྲངས་འབོར་གྱི་ཆ་ནས་འཛམ་གླིང་དུ་ནོ་བཱེར་ལྟ་བུ་མཛུབ་གུ་ནང་བཀུགས་བྱས་ཚེ་བགྲང་རྒྱུ་མང་བོ་མེད།
  དེ་ལྟར་ཕྱི་ཡུལ་གྱི་སློབ་མ་མང་བོ་འབྱོར་ལྡན་གྱི་རྒྱལ་ཁབ་ཆུང་ངུ་འདི་ལ་བསྡུ་ལེན་ངོས་གཙང་དང་འགྲོ་འོང་སྟབས་བདེ་བཟོ་བའི་མཐར་ཐུག་གི་དམིགས་ཡུལ་ཉག་གཅིག་པོ་ནི་སློབ་གསོར་བཀག་སྡོམ་དང་འགག་རྒྱ་མེད་པར་བཟོས་ཏེ། དཔེ་ཁྲིད་མི་སྐྱོང་གི་དམིགས་འབེན་དེ་འཛམ་གླིང་དང་མ་འོངས་པ།  མིའི་རིགས་ལ་ཁ་ གཏད་པའི་བརྟན་བརླིང་གི་ལངས་ཕྱོགས་དེ་མངོན་པར་མཚོན་ཡོད།

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།