རི་སྐྱེས་སྲོག་ཆགས་ཝ་དམར་མཚམས་སྦྱོར།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-08-08 09:07:00 ཀློག་གྲངས།:


ཝ་དམར། 赤狐 Red Fox

གཟུགས་གཞིའི་ཁྱད་ཆོས།
     ཝ་དམར་གྱི་གཟུགས་གཞིའི་རིང་ཚད་ལ་ལི་སྨིས55ནས་ལི་སྨིས75ཡས་མས་ཡོད་ཅིང་། གཟུགས་དབྱིབས་ནི་ཕྲ་ཞིང་རིང་བ་ཞིག་ཡིན། མཆུ་འབིག་ཅིང་རྣ་གཤོག་ཆེ་བ་དང་། རྔ་སྤུ་ཅུང་གཟེང་འདུག  རྔ་མ་རིང་ཞིང་སྦོམ་ལ་རྔ་མའི་རིང་ཚད་ཀྱིས་ལུས་ཀྱི་རིང་ཚད་ཀྱི1/2ཟིན་པ་དང་། རྔ་མའི་དཀྱིལ་དབུས་དམར་སེར་ཡིན་ཡང་གྲ་སྤུ་ནག་པོ་འདྲེས་འདུག  རྔ་རྩེའི་རྔ་སྤུ་དཀར་བོ་ཡིན། སྐེ་མཇིང་གི་སྤུ་ལ་སེར་ཞད་འདྲེས་པ་དང་རྒྱབ་གཞུང་གི་སྤུ་དམར་སེར་ཡིན། རྣ་རྒྱབ་ནག་སྨུག་དང་གསུས་ངོས་དཀར་སྐྱ་ཡིན། རྐང་སྡེར་གྱི་ལྟག་རྒྱབ་དམར་སེར་ཡིན་ལ་རྐང་སུག་གི་མདུན་ངོས་ན་ཁྲ་ཐིག་དཀར་སྐྱ་ཡོད། རྐང་སུག་བཞི་ནི་དམར་སེར་དམར་སྨུག་ཡིན་ཡང་། རྐང་སུག་གི་ཕྱི་ངོས་ན་ཕྲ་སྦོམ་མི་གཅིག་པའི་ནག་ཐིག་འཐེན་འདུག  ཝ་དམར་ལ་རིགས་ཅུང་མང་། བོད་ཡུལ་ན་ཡོད་པའི་ཝ་དམར་ནི་ཝ་དམར་གྱི་ནང་གི་རིགས་གཅིག་ཡིན།
ཁྱབ་ཡུལ།
      ཝ་དམར་ནི་མདོ་དབུས་མཐོ་སྒང་དང་རང་རྒྱལ་གྱི་ས་ཆ་མང་ཤས་ན་གནས་འདུག
འཚོ་བའི་གོམས་གཤིས་དང་འཚོ་གནས་ཁོར་ཡུག
       ཝ་དམར་འཚོ་སྡོད་བྱེད་ས་ནི་མཚོ་ངོས་ལས་སྨིས2000ནས5000བར་གྱི་ནགས་ཚལ་དང་རྫུབས་གསེང་། རྩྭ་ཐང་སོགས་ཡིན་ལ། རྐང་ལག་མྱུར་ཞིང་ཚོར་དབང་རྣོ་བ་དང་། གཡོ་སྒྱུ་ལ་ཧ་ཅང་མཁས། ཝ་དམར་ནི་ཁེར་སྡོད་བྱེད་པར་དགའ་ཞིང་གནས་སྡོད་ཕུག་ཁུང་དུ་བཅོས་ཡོད། ཝ་དམར་གྱིས་ནངས་དགོང་ལ་ཟས་བཙལ་བ་དང་ཉིན་དཀར་རྔ་མ་རུམ་སྟེ་གཉིད་པ་ཡིན། ཝ་དམར་ནི་ཟས་སྣ་ཅི་ཡང་ཟ་བའི་གཅན་གཟན་ཆུང་ངུའི་རིགས་ཡིན་པས། འཕྱི་བ་དང་ཨ་བྲ། བྱི་ལོང་། རི་བྱ། སྦལ་བ། ཉ། འབུ་སོགས་ཟ་བར་མ་ཟད། ལོ་ཏོག་དང་རི་སིལ་སྣ་ཚོགས་ཀྱང་ཟ་བ་ཡིན། མཚམས་ལན་རེར་ཁྱིམ་བྱ་དང་ལུ་གུ  རེའུ་ཡང་ཁུར་སོང་སྟེ་ཟ་བ་ཡིན། ལོ་རེའི་སྤྱི་ཟླ་དང་པོ་དང་སྤྱི་ཟླ་གཉིས་པ་ནི་ཝ་དམར་གྱིས་སྐྱེ་འཕེལ་བྱེད་པའི་དུས་ཡིན་པ་དང་། མངལ་སྦྲུམ་ཡུན་ནི་ཟླ2ཡིན། ལོ་རེར་ཐེངས་གཅིག་བཙའ་བ་དང་། བཙའ་ཐེངས་རེར་ཕྲུ་གུ2ནས་ཕྲུ་གུ5བཙའ་བ་ཡིན།
སྲུང་སྐྱོབ་བྱེད་པའི་དོན་སྙིང་།
     བོད་ཀྱི་དམངས་ཁྲོད་རྩོམ་རིག་ཏུ་ཝ་ནི་སྡར་མ་དང་གཡོ་སྒྱུའི་མཚོན་བྱེད་མི་སྣར་གྱུར་ཡོད་པར་མ་ཟད། ཝ་དམར་པོའི་གྲ་ཁ་རླུང་གིས་སྐྱོད། སྟག་ཤར་བའི་མགོ་ན་ལྷག་ཏུ་མཛེས་ཞེས་མཛེས་སྡུག་མཚོན་བྱེད་དུའང་གྱུར་ཡོད་པས། བུ་རབས་ཚ་རྒྱུད་ལ་ཝ་ཞེས་པ་ནི་འདི་རེད་ཅེས་སྟོན་རྒྱུ་ཞིག་ཡོད་དགོས་ན་ཝ་ལ་སྲུང་སྐྱོབ་བྱ་དགོས་སོ།། གཞན་ཡང་ཝ་གློ་བོད་སྨན་དུ་འགྲོ་བ་དང་། ལྤགས་ནི་པགས་རིགས་རྩ་ཆེན་ཞིག་ཡིན་པར་མ་ཟད། མིའི་རིགས་ལ་མཚོན་ན་ཝ་དམར་ནི་ཨ་བྲ་དང་བྱི་ལོང་གི་གཉན་པོ་ཡིན་པས་སྐྱེ་ཁམས་ཁོར་ཡུག་སྙོམས་སྒྲིག་བྱེད་མཁན་གྱི་གྲལ་ཡིན་ནོ།།
ད་ཡོད་གནས་བབ།
     དུས་རབས20བའི་ལོ་རབས70ནས་ལོ་རབས90བར་དུ་ཚང་མས་ཝ་ལྤགས་བསམས་ཏེ། མེ་མདས་རྒྱག་པ་དང་ཝ་དུག་འཕེན་པ། ལྕགས་རྙི་འཛུགས་པ་བཅས་བྱས་ནས་ཝ་དམར་གསོད་དྲག་པས། བོད་ཁམས་ན་ཉིན་དཀར་ཝ་ཞིག་རིག་རྒྱུ་ནི་ཕལ་ཆེར་དཀོན་པོར་གྱུར་འདུག  དུས་རབས21པའི་དུས་མགོ་ནས་བཟུང་། མི་རྣམས་ལ་འཆམ་མཐུན་ཁོར་ཡུག་ཅིག་ཡོད་དགོས་ན། ངེས་པར་དུ་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱ་དགོས་པའི་འདུ་ཤེས་སྐྱེས་ཏེ་ཝ་དམར་མ་བསད་པ་ན། ད་ལྟ་ཝ་དམར་གྱི་གྲངས་ཀ་ནི་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།