ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

འཛམ་གླིང་ཡོངས་ཀྱིས་ཡོན་ལུང་ཕིང་སྐུ་གཤེགས་པར་སེམས་སྡུག་ཆེན་པོས་མྱ་ངན་ཞུ་དོན་གང་ཡིན།

2021-05-27 10:01:00     责编:sangjzm

ཟླ་5པའི་ཚེས་24ཉིན། ཀྲུང་གོའི་རྒྱུད་འདྲེས་ཆུ་འབྲས་ཀྱི་ཡབ་ཆེན་ཞེས་སུ་གྲགས་པའི་ཡོན་ལུང་ཕིང་གི་སྐུ་གདུང་སྐྱེལ་མ་བྱེད་པའི་མཛད་སྒོ་དེ་ཧུའུ་ནན་ཁྲང་ཧྲ་རུ་གཉེར་བ་རེད། ཚེས་22ཉིན་ཁོང་འཇིག་རྟེན་འདི་དང་ཞལ་གྱེས་རྗེས་མཉམ་འབྲེལ་རྒྱལ་ཚོགས་ཚུད་པའི་རྒྱལ་སྤྱིའི་སྒྲིག་གཞི་དང་རྒྱལ་ཁབ་མང་པོའི་སྲིད་གཞུང་སྡེ་ཚན། དེ་བཞིན་གོ་ལ་ཧྲིལ་པོའི་སྨྱན་སྦྱོར་དང་དྲ་དམངས་བཅས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་རྩོམ་ཡིག་སྤེལ་ནས་དྲན་གསོ་ཞུས་པ་རེད།

ཁོང་གིས་ཆུ་འབྲས་ཞིབ་འཇུག་ལ་བརྟེན་ནས་འཛམ་གླིང་ལ་ལེགས་སྐྱེས་ཕུལ་བ་ཅེས་པ་དང་། ཁོང་ནི་འབྲུ་རིགས་ཀྱི་དཔའ་བོ་ངོ་མ་དེ་རེད་ཅེས་པ། ཁོང་གིས་མི་འབོར་དུང་ཕྱུར་བཅུ་གྲངས་ལ་འབྲུ་རིགས་བདེ་འཇགས་ལ་འགན་ལེན་གནང་ཡོད་ཅེས་པ་སོགས་ཡོན་ལུང་ཕིང་ལ་བསྔགས་བརྗོད་ཞུས་པ་དེ་དག་ལས། ཁོང་དང་ཁོང་གི་ཚོགས་པས་ཞིབ་འཇུག་གསར་སྤེལ་གནང་བའི་རྒྱུད་འདྲེས་ཆུ་འབྲས་ལག་རྩལ་གྱིས་འཛམ་གླིང་ལ་ལེགས་སྐྱེས་ཆེན་པོ་ཕུལ་བ་ར་སྤྲོད་ཐུབ་ཡོད་ཅེས་གསུངས་པ་རེད།

རྒྱལ་སྤྱིའི་སྤྱི་ཚོགས་སུ་རྒྱུད་འདྲེས་ཆུ་འབྲས་ལ་ཀྲུང་གོའི་གསར་གཏོད་ཆེ་གྲས་ལྔ་པ་ཞེས་བརྗོད་ཀྱི་ཡོད། དུས་རབས་གོང་མའི་ལོ་རབས་70པར་ཀྲུང་གོའི་རྒྱུད་འདྲེས་ཆུ་འབྲས་ཀྱི་ཐོན་ཚད་རྒྱུན་གཏན་གྱི་ཆུ་འབྲས་ལས་20%ཙམ་གྱིས་མཐོ་བ་ཡོད། ལོ་རེར་ཐོན་འཕར་བྱུང་བའི་འབྲུ་རིགས་ཀྱིས་མི་ཁྲི་7000ཙམ་གསོ་ཐུབ་ཀྱི་ཡོད། དུས་རབས་གོང་མའི་ལོ་རབས་90པའི་དུས་འགོར་མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་རྒྱུད་འདྲེས་ཆུ་འབྲས་ཁྱབ་གདལ་གཏོང་རྒྱུ་དེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འབྲུ་རིགས་དཀོན་པའི་གནད་དོན་ཐག་གཅོད་བྱེད་པའི་འཐབ་ཇུས་དང་བྱ་ཐབས་ཨང་དང་པོར་བཞག་པ་དང་འབྲེལ། ཡོན་ལུང་ཕིང་རྒྱལ་སྤྱིའི་དབུ་བཞུགས་བློ་འདྲི་བར་གདན་ཞུ་ཡང་བྱས་པ་རེད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། འདས་ཟིན་པའི་ལོ་ཕྲག་ཁ་ཤས་ནང་ཡོན་ལུང་ཕིང་གིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་80ལྷག་ཙམ་ལ་རྒྱུད་འདྲེས་ཆུ་འབྲས་ཀྱི་ལག་རྩལ་ཤེས་ལྡན་པ་14000ལྷག་ཙམ་གསོ་སྦྱོང་གནང་ཡོད།

མིག་སྔར་རྒྱ་གར་དང་། ཝེ་ཐེ་ནམ། ཨ་རི། པར་ཙིར་དང་དེ་བཞིན་ཨ་ཧྥེ་རི་ཁ་སོགས་ས་ཁུལ་དུ་གཞི་ཁྱོན་ཆེན་པོས་རྒྱུད་འདྲེས་ཆུ་འབྲས་བཏབ་པ་དང་། ཆ་སྙོམས་བྱས་ན་སྤྱི་ཆིང་རེའི་ཐོན་ཚད་ས་གནས་དེ་གའི་སོན་བཟང་ལས་ཏུན་གཉིས་ཙམ་གྱིས་མཐོ་བ་ཡོད་པ་རེད། དེ་སྔ་མི་ཁྲི་200ལ་མུ་གེ་འཕྲད་པའི་མ་ཏ་ཀ་སི་ཁའི་དངུལ་ལོར་ཆེ་ཤོས་ཀྱི་ཐོག་རྒྱུད་འདྲེས་ཆུ་འབྲས་ཀྱི་རི་མོ་བཀོད་ཡོད། ས་གནས་དེ་གའི་མང་ཚོགས་ཀྱིས་རྒྱུད་འདྲེས་ཆུ་འབྲས་ལ་འཛིན་པའི་རིན་ཐང་ལྟ་བ་དེ་ལས་ལྷག་པ་གང་ཞིག་ཡོད།

ལོ་བཅུ་གྲངས་རིང་བརྟན་སྲུང་དང་གསར་གཏོད་བྱས་པ་བརྒྱུད་ཡོན་ལུང་ཕིང་དང་ཁོང་གི་ཚོགས་པས་འཛམ་གླིང་གི་འབྲུ་རིགས་བདེ་འཇགས་ཆེ་རུ་བཏང་ནས། གོ་ལ་ཧྲིལ་པོའི་བཀྲེས་ལྟོགས་དང་དབུལ་ཕོངས་ཉུང་དུ་བཏང་བ་མ་ཟད། འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་གལ་ཆེན་ཡང་ཕུལ་ཡོད། ཁོང་ནི་རྒྱལ་སྤྱིའི་གཟིགས་རྒྱང་ལྡན་པའི་མི་ཞིག་ཡིན་པས་ང་ཚོས་ནམ་ཡང་བརྗེད་མི་སྲིད་པ་ཞིག་རེད། ཨ་རིའི་དྲ་གྲོགས་Kevinགྱི་དཔྱད་གཏམ་ལ་འཐུས་ཚབ་རང་བཞིན་ཆེན་པོ་ལྡན་པ་སྟེ། མིག་སྔར་ཆུ་འབྲས་ནི་འཛམ་གླིང་ཐོག་ཀྲུང་གོར་ལྟ་ཞིབ་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་ཏུ་གྱུར་ཡོད། ཀྲུང་གོའི་ཆུ་འབྲས་ཀྱི་གསར་འགྱུར་ཐོན་རིམ་བཞིན་གོ་ལ་ཧྲིལ་པོར་སྨྱན་སྦྱོར་ཚན་པ་བརྒྱ་ལྷག་ཙམ་གྱིས་བརྒྱུད་འགོད་དང་གནས་ཚུལ་གཏོང་སྤེལ་བྱེད་ཀྱི་ཡོད་ཅེས་འཁོད་ཡོད།
ཡོན་ལུང་ཕིང་གི་གྲུབ་འབྲས་ནི་ཀྲུང་གོའི་ཇུས་གཞིའི་ཐོག་ནས་གོ་ལ་ཧྲིལ་པོར་འབྲུ་རིགས་དཀོན་པ་དང་དབུལ་པོ་མེད་པ་བཟོ་བའི་གྲུབ་འབྲས་བླངས་པ་ཞིག་ཡིན་པ་སྨོས་མེད་རེད། ད་ཆ་གོ་ལ་ཧྲིལ་པོའི་རྒྱལ་ཁབ་40ལྷག་ཙམ་དང་སྤྱི་ཆིང་ཁྲི་800ཡི་རྒྱལ་མཚམས་ལས་བརྒལ་བའི་འདེབས་འཛུགས་གཞི་ཁྱོན་ལས་གནད་དོན་དེ་གསལ་བཤད་ཐུབ་ཡོད། ཀྲུང་གོའི་རྒྱུད་འདྲེས་ཆུ་འབྲས་ཀྱིས་ཁྱིམ་ཚང་ཁྲི་སྟོང་མང་པོ་གསོ། ཡོན་ལུང་ཕིང་གི་ལག་ལེན་ལས། ཀྲུང་གོ་བས་ལྟོ་ཕོར་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་ཐུབ་པ་མ་ཟད། ད་དུང་འཛམ་གླིང་མི་དམངས་ལ་ལྟོ་གོས་ཀྱི་གནད་དོན་ཐག་གཅོད་རོགས་བྱེད་ཐུབ་པ་གསལ་བཤད་ཐུབ་ཡོད།

དོན་དངོས་ཐོག་ཡོན་ལུང་ཕིང་གི་གཏམ་རྒྱུད་ལྟ་བུ་འཛམ་གླིང་ལ་བདེ་སྐྱིད་སྐྲུན་པའི་ཀྲུང་གོའི་གཏམ་རྒྱུད་ད་དུང་གྲངས་ལས་འདས་པ་ཡོད། དགུང་ལོ་༩༠ཡོལ་བའི་ཀྲུང་གོའི་བུད་མེད་ཚན་རིག་མཁས་ཅན། ནོ་པེར་སྐྱེ་ཁམས་རིག་པའམ་གསོ་རིག་བྱ་དགའ་ཐོབ་མཁན་ཐུའུ་ཡིའུ་ཡིའུ་ཡིས་ཚོགས་པའི་སྣེ་ཁྲིད་དེ་ཕུར་ནག་སུའུ་ཡིས་འདར་ནད་བཅོས་པའི་བྱ་ཐབས་ཤེས་རྟོགས་བྱུང་ནས། གོ་ལ་ཧྲིལ་པོའི་འདར་ནད་ཕོག་མཁན་ཁྲི་བརྒྱ་ལྷག་ཙམ་གྱི་ཚེ་སྲོག་བསྐྱབས་ཡོད་པ་རེད།

དགུང་ལོ་90ཙམ་ལ་ཕེབས་པའི་ཀྲུང་ནན་ཧྲན་གྱིས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་བཅོས་བྱེད་པའི་འཐབ་ཕྱོགས་དང་པོའི་ཐོག རྒྱལ་སྤྱིའི་གསོ་རིག་ཞིབ་འཇུག་འཐབ་ཕྱོགས་དང་ལྷན་དུ་འབད་འཐབ་གནང་ནས་འཕྲལ་དུ་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཀྲུང་གོའི་རིམས་ནད་འགོག་བཅོས་བྱེད་ཐབས་དང་ཉམས་མྱོང་མཉམ་སྤྱོད་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཚེ་སྲོག་བསྐྱབས་ཡོད།

ཀྲུང་གོའི་ཚན་རིག་མཁས་ཅན་ཚོ་དང་དེ་བཞིན་ཀྲུང་གོའི་ཇུས་གཞི་དེ་དག་གིས་འཛམ་གླིང་ནས་ཟས་རིགས་ལ་སེམས་ཁྲལ་བྱེད་དགོས་མེད་པའི་ཐད་འབད་འཐབ་ཧུར་ཐག་བྱེད་བཞིན་ཡོད། འདི་ལྟ་བུའི་དགེ་ལས་ལས། གནམ་འོག་གཅིག་མཚུངས་སུ་འཛིན་པའི་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་བླ་ན་མེད་པའི་ཕུགས་བསམ་མཚོན་ཡོད། དེ་ནི་ཀྲུང་གོ་འཛམ་གླིང་ཞི་བདེའི་འཛུགས་སྐྲུན་པ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་མཁན་བཅས་ཡིན་པ་ར་སྤྲོད་ཐུབ་དོན་གསལ་བཤད་གང་ལེགས་བྱས་པ་དང་། འཛམ་གླིང་མདུན་དུ་སྐྱོད་རྒྱུར་རང་ཉིད་ཀྱི་ནུས་ཤུགས་ལེགས་སྐྱེས་སུ་འབུལ་བའི་ཀྲུང་གོ་བ་གྲངས་མེད་ནི་གང་དེའི་འདེགས་སྐྱོར་ཆེ་ཤོས་དེ་རེད།

རྒྱུད་འདྲེས་ཆུ་འབྲས་འཕེལ་རྒྱས་བཏང་ནས་འཛམ་གླིང་མི་དམངས་ལ་བདེ་སྐྱིད་སྐྲུན་དགོས་ཞེས་པ་དེ་ནི་ཡོན་ལུང་ཕིང་གི་ཚེ་གང་གི་ཕུགས་འདུན་རེད། ད་ཆ་ཁོང་འཇིག་རྟེན་འདི་དང་ཞལ་གྱེས་ཀྱང་ཕུགས་བསམ་དེ་སྔར་བཞིན་རྒྱུད་སྤྲོད་བྱེད་བཞིན་ཡོད། འཛམ་གླིང་ལ་བདེ་སྐྱིད་སྐྲུན་པའི་ཀྲུང་གོ་བ་རེ་རེའི་གསོན་ཉམས་ལྡན་པའི་གཏམ་རྒྱུད་ཀྱིས། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་རྒྱལ་ཁབ་ཁག་ལ་གོ་སྐབས་གཏོད་མཁན་དང་རོགས་ཟླ་ཡིན་པ་ར་སྤྲོད་ཐུབ་ངེས་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། རིན་ཆེན་དབང་འདུས།

中央广播电视总台 央广网 版权所有

འཛམ་གླིང་ཡོངས་ཀྱིས་ཡོན་ལུང་ཕིང་སྐུ་གཤེགས་པར་སེམས་སྡུག་ཆེན་པོས་མྱ་ངན་ཞུ་དོན་གང་ཡིན།

ཟླ་5པའི་ཚེས་24ཉིན། ཀྲུང་གོའི་རྒྱུད་འདྲེས་ཆུ་འབྲས་ཀྱི་ཡབ་ཆེན་ཞེས་སུ་གྲགས་པའི་ཡོན་ལུང་ཕིང་གི་སྐུ་གདུང་སྐྱེལ་མ་བྱེད་པའི་མཛད་སྒོ་དེ་ཧུའུ་ནན་ཁྲང་ཧྲ་རུ་གཉེར་བ་རེད། ཚེས་22ཉིན་ཁོང་འཇིག་རྟེན་འདི་དང་ཞལ་གྱེས་རྗེས་མཉམ་འབྲེལ་རྒྱལ་ཚོགས་ཚུད་པའི་རྒྱལ་སྤྱིའི་སྒྲིག་གཞི་དང་རྒྱལ་ཁབ་མང་པོའི